ཡུལ་ལྷ་གཞི་བདག་ལ་བསང་གཏོང་ཚུལ།

པར་འདེབས།

བསང་ཞེས་པ་ནི་དྲི་ཞིམ་ཤིང་གི་རིགས་ཙན་དན་དང་། ཤུག་པ། མཁན་པ། འོམ་བུ་སོགས་དང་། ག་བུར། ཨ་ག་རུ་དམར་པོ་དང་ནག་པོ་སོགས་སྐྱེ་དངོས་མང་པོའི་དུད་པའི་མཆོད་པའི་རིགས་ཤིག་ སྟེ་བཙོག་གྲིབ་དང་། སྡིག་ལྷུང་། རེ་དོགས་སོགས་བསངས་བར་བྱེད་པའི་མཆོད་རྫས་སམ། ལྷག་པར་དུ་ཡབ་མེས་དུས་ནས་མཆོད་ཅིང་བཀུར་བའི་ཡི་དམ་ཆོས་སྐྱོང་དང་ཡུལ་ལྷ་གཞི་

བདག ས་བདག མཛོད་བདག གཏེར་བདག་ཐམས་ཅད་དང་། ལྷ་ཀླུ་གཉན་གསུམ་ལ་རོ་མཆོག་དྲི་ཡི་མཆོད་པ་འབུལ་སྲོལ་ཞིག་ཡིན། བསང་ལ་སྒོ་བསང་དང་། ཕུག་བསང་། ཐབ་བསང་། རི་བསང་། དེ་བཞིན་དུ་བརྒྱ་བསང་། སྟོང་བསང་སོགས་ཡོད་ལ། ལྷ་ཁང་། འདུ་ཁང་། མཆོད་ཁང་སོགས་ཀྱི་སྒོ་ནས་ཀྱང་བསང་གཏོང་སྲོལ་ཡོད། བསང་གཏོང་བའི་དགོས་དམིགས་ནི་སྐྱབས་གནས་དཀོན་མཆོག་གསུམ་དང་། ཡི་དམ་ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་སོགས་ལ་མི་གཙང་བའི་རིགས་ཀྱིས་གོས་པའམ། དམ་ཚིག་ཉམས་ཆག་ཤོར་བ་དང་། དེའི་རྐྱེན་གྱིས་རང་ལ་གྲིབ་དང་གྲིབ་ནད་དང་གདོན་བགེགས་བར་ཆད་ངན་པ་ཅི་བྱུང་ ཐམས་ཅད་སེལ་ཞིང་། ཚེ་རིང་ནད་མེད་དང་། སྒོ་ཕྱུགས་སོགས་ལ་གོད་ཀ་མེད་པར་རྒྱུ་འབྱོར་དབང་ཐང་ལྡན་པར་བྱེད་པ། ལམ་ཐོག་གི་དགྲ། མ་རུང་བའི་རྐྱེན། འཆི་བདག་གི་བདུད་སོགས་ཞི་བར་བྱེད་པ། མེད་པར་བྱེད་པ་ཡིན། དམར་བསང་དང་དཀར་བསང་ཞེས་དབྱེ་བ་བཀར་སྲོལ་ཡོད་པར་གཞིགས་ན་བོད་རང་གི་གནའ་ བོའི་སྲོལ་རྒྱུན་དུ་སོ་སོའི་བཀུར་བའི་དཔའ་བོ་དང་གཉེན་ཉེ་རིང་སོགས་འདས་ གྲོངས་སུ་གྱུར་རྗེས་མགོན་དང་དཔུང་གཉེན་བྱེད་པའི་ལྷ་ལ་བཀུར་ནས་ ཟས་ཀྱི་ཚུལ་དུ་མཆོད་པའི་ཆོ་ག་ཞིག་ཡིན་པར་སྙམ། ཕྱིས་སུ་ནང་པའི་ཆོས་ལུགས་དང་སྦྱར་ནས་རིམ་པར་དྲི་བསང་དང་དཀར་བསང་ཞེས་པར་ གྱུར་ཡོད་མོད། ཡུལ་ལྷ་གཞི་བདག་སོགས་ལྷ་གཉན་མཐུ་བོ་ཆེ་རྣམས་ལ་དེང་གི་སྐབས་སུའང་དམར་མཆོད་ ཀྱི་ཚབ་ཏུ་རྟ་ནོར་ལུག་གསུམ་དང་། རི་དྭགས་སེམས་ཅན་གྱི་གཟུགས་དབྱིབས་མར་རྩམ་སོགས་ཀྱིས་བཟོས་ཏེ་བསང་ལ་གཏོང་ སྲོལ་ཡོད་པ་འདིས་གནའ་བོའི་སྲོལ་ལུགས་ད་དུང་ཀྱང་མ་ཉམས་པར་གནས་པ་མཚོན་ཡོད།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ཟླ་བ།, /10/ 23, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.