བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

རྡ་ས་མདོ་སྨད་ས་རྒྱུན་ནས་གོ་སྒྲིག་གནང་པའི་མདོ་སྨད་དབྱར་སྐྱིད་ཆེན་མོའི་ཐོག་བསྩལ་པའི་གསུང་བཤད།

པར་འདེབས། PDF

༧སྐྱབས་རྗེ་ཀིརྟིའི་རིན་པོ་ཆེ་མཆོག་ནས།  ཕྱི་ལོ་༢༠༡༧ཟླ་ཚེས་༡༠ཉིན།

unnamed-1༄༅།།སྐུ་ངོ་བཀའ་བློན་མཆོག་དང་བཀའ་ཟུར་རྣམ་པ།སྤྱི་འཐུས་ལས་ཟུར་རྣམ་པ།དྲུང་ཆེ་ཆུང་རྣམ་པ།སྐྱབས་གནས་དགེ་འདུན་པ་རྣམ་པ།ས་གནས་མདོ་སྨད་མང་ཚོགས་བཅས་དེ་རིང་ང་ཚོ་འདིར་མང་པོ་ཞིག་ལྷན་དུ་འཛོམས་ཐུབ་པར་དགའ་པོ་བྱུང་བས་རྣམ་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།སྤྱིར་རྡ་རམ་ས་ལའི་ཁུལ་ལ་མདོ་སྨད་པ་མང་པོ་ཡོད་ཀྱང་ང་ཚོ་མཉམ་དུ་འཛོམས་རྒྱུའི་དུས་ཚོད་དང་གོ་སྐབས་ཤིན་ཏུ་དཀོན་པོ་དང་ཉུང་ཉུང་རེད།

ང་ལྟ་བུར་མཚོན་པ་ཡིན་ན་དེ་རིང་འདིར་འཛོམས་པའི་མི་མང་པོ་ཞིག་ལ་ངོ་ཐུག་པ་ཙམ་ཡང་ཕལ་ཆེར་བྱུང་ཐུབ་མེད།དེ་ཡིན་དུས་ང་ཚོ་ཕན་ཚུན་ངོ་ཤེས་པ་དང་གཅིག་གིས་གཅིག་གི་གནས་སྟངས་ཤེས་ཐུབ་པ་ཡོང་བའི་དོན་དུ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་འདི་ལྟ་བུའི་རྒྱས་འཛོམས་ཀྱི་གོ་སྒྲིག་ཆེན་པོ་གནང་བ་ཤིན་ཏུ་ཡག་པོ་བྱུང་འདུགརྣམ་པ་ཚོས་གོ་སྒྲིག་གནང་བ་ཙམ་དུ་མ་ཟད་གོ་སྒྲིག་རྒྱས་པོ་དང་གོ་རིམ་འགྲིག་པོ།འཐུས་ཤོར་མེད་པར་ཤིན་ཏུ་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།

        ཉི་མ་ཁ་ཤས་ཀྱི་གོང་ནས་ང་ལ་དེ་རིང་གི་འདུ་འཛོམས་འདིའི་ཐོག་ཡོང་ནས་བཀའ་སློབ་གནང་རོགས་ཞེས་མདོ་སྨད་ས་གནས་རྒྱུན་ལས་ཚོ་ངའི་སར་ཕེབས་ནས་བཀའ་གནང་བྱུང༌།ང་རང་མི་རྒན་ཤོས་ལྟ་བུ་ཞིག་ཡིན་པའི་ཆ་ནས་སྐད་ཆ་ཚིག་འགའ་ཤས་ཤིག་བཤད་ན་བསམས་པ་བྱུང༌།གོང་དུ་བཤད་པ་ལྟར་དེ་རིང་གི་འདུ་འཛོམས་འདི་དགའ་དགའ་སྤྲོ་སྤྲོ་དང་ཕན་ཚུན་ངོ་ཤེས་བྱ་རྒྱུ་གཙོ་བོ་རེད།ངས་དེ་རིང་དུས་ཚོད་མང་པོ་ལེན་མ་དགོས་པ་གཙོར་འདོན་བྱེད་ཀྱི་ཡིན་ལ།རྩ་བའི་ང་རང་ཆོས་སྲིད་གཉིས་ཀའི་ཐོག་ནས་རྒྱ་ཆེན་པོ་བཤད་ཐུབ་མཁན་དང་ཤེས་རྒྱ་ཡོད་མཁན་དེ་འདྲ་གང་ཡང་མིན།གནས་ཚུལ་འགའ་ཤས་རྡོག་རྡོག་བྱས་ཏེ་བཤད་ན་བསམས་ཡོད།

        དེ་རིང་འདིར་བོད་ནང་ལ་ཡོད་པའི་མདོ་སྨད་མི་མང་གི་ངོ་ཚབ་ལྟ་བུའི་ས་གནས་དང་ལུང་ཚན་མ་འདྲ་བ་ཤིན་ཏུ་མང་པོའི་མི་སྣ་འཛོམས་ཡོད་དུས།ངས་རྒྱུན་དུ་ང་རང་དང་དམིགས་བསལ་འབྲེལ་བ་ཡོད་པའི་མང་ཚོགས་ལ་བཤད་བསྡད་པའི་གནས་ཚུལ་འགའ་ཤས་རྣམ་པ་ཚོ་ལ་དྲན་གསོའི་ཆེད་དུ་བཤད་ན་བསམས་པ་བྱུང༌།

        ༡༽ང་ཚོའི་མདོ་སྨད་ཕྱོགས་ཀྱི་ས་གནས་མང་ཆེ་བ་གནའ་སྔ་མོ་བོད་གཞུང་གི་ཁྲིམས་ཀྱི་འོག་ལ་འདུས་ཡོད་པ་མ་རེད་ལ།ལུང་ཚན་ལུང་ཚན་བྱས་ཏེ་ཁ་འཐོར་ནས་ཁྲིམས་འགོ་རང་བཙན་གྱི་རྣམ་པའི་ཐོག་ནས་གནས་ཡོད་པ་རེད།དེའི་རྐྱེན་པས་མདོ་སྨད་ནང་ཁུལ་ལ་འཆམ་དང་མི་འཆམ་གྱི་གནས་ཚུལ་དང༌།དཀའ་ངལ་མང་པོ་ཞིག་སྤྱི་ཚོགས་རྙིང་པའི་སྐབས་ནས་བཟུང་ཡོང་གི་ཡོད་པར་མ་ཟད།སྤྱི་ཚོགས་རྙིང་པའི་ནང་གི་དཀའ་ངལ་དེ་དག་སྤྱི་ཚོགས་གསར་པའི་ནང་དུ་ཡིན་ན་ཡང་ཕྲན་བུ་ཡོང་གི་འདུགའདིའི་ཐོག་རྒན་གཞོན་ཡོངས་རྫོགས་ཀྱིས་ཐུགས་སྣང་གནང་དགོས་ཀྱི་འདུགམདོ་སྨད་ནང་ཁུལ་ལ་རྩྭ་ས་རྩོད་གླེང་གི་དཀའ་ངལ་དང༌།གྲོང་སྡེ་ཕན་ཚུན་བར་གྱི་ཕྱོགས་རིས་འཐེན་འཁྱེར།བླ་མ་ཕན་ཚུན་བར་གྱི་བླ་བྲང་གི་འཐེན་འཁྱེར།དགོན་པ་ཕན་ཚུན་བར་གྱི་འགལ་བ་དང་འཐེན་འཁྱེར་ལྟ་བུའི་རིགས་གང་སར་ཕྲན་བུ་ཡོང་གི་ཡོད།གནས་ཚུལ་འདི་རིགས་ནི་མདོ་སྨད་པ་སྤྱི་སྒེར་གཉིས་ཀ་ལ་མི་དགོས་པའི་གནས་ཚུལ་ཞིག་རེད།རྩ་བའི་བོད་ནང་དུ་བཞུགས་པའི་མདོ་སྨད་པ་ཚོས་ལྷག་བསམ་རྣམ་དག་གིས་སྐུ་ལས་ཚད་མེད་སྐྱོན་གྱི་ཡོད་པ་ཡོངས་གྲགས་ཡིན་ཡང༌།སྐབས་རེར་ནང་ཁུལ་ལ་མ་འཆམ་པའི་གནས་ཚུལ་ཕྲན་བུ་གང་སར་ཡོང་གི་ཡོད་པ་འདིའི་ཐོག་བོད་ནང་དུ་བཞུགས་མཁན་ཡོངས་རྫོགས་ཀྱི་ངོས་ནས་ཡིན་ན་ཡང་ཐུགས་ཁུར་གནང་དགོས་ཀྱི་འདུག

        ངས་རྒྱུན་དུ་དཔེ་འདི་འདྲ་ཞིག་དང་བཅས་ཏེ་ཤོད་ཀྱི་ཡོད།གལ་སྲིད་བོད་རང་བཙན་ཐོབ་པའི་དབང་དུ་བྱས་ཀྱང་བོད་ཀྱི་ས་ཁུལ་ཡོངས་རྫོགས་རྫོང་དང་ཁུལ་ལྟ་བུ་དུམ་བུ་སྣ་ཚོགས་ལ་བགོས་ཏེ་འཛིན་སྐྱོང་བྱ་བ་མ་གཏོགས།གནའ་སྔ་མོའི་ཕྱོགས་དང་ཕྱོགས་བྱས་ནས་སྡོད་པའི་གནས་སྟངས་དང་ཁོར་ཡུག་གཉིས་ཀ་ཡོད་པ་མ་རེད།བོད་རང་བཙན་མ་ཡིན་པར་མུ་མཐུད་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ཏུ་སྡོད་རྒྱུའི་དབང་དུ་བྱས་ན་ཡང་རྣམ་པ་ཚོས་ཤེས་གསལ་ལྟར།ཞང་དང་རྫོང་ཁུལ་ཟེར་ནས་དུམ་བུ་སྣ་ཚོགས་ལ་བགོས་བཞག་པའི་གནས་སྟངས་འདིའི་འོག་ནས་སྡོད་དགོས་པ་མ་གཏོགས།སྔ་མོའི་ལུང་ཚན་དང་གཤོག་ཁག་ཅེས་པའི་དཔུང་སྒྲིག་བྱས་པ་དེས་ཕན་ཐོགས་གང་ཡང་ཡོད་པ་མ་རེད།ང་ཚོས་ལྷག་བསམ་རྣམ་དག་གིས་གནའ་སྔ་མོའི་ན་ཚ་རྙིང་པའི་ཕྱོགས་འཐེན་གྱི་རིགས་མེད་པར་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

        ཉེ་ཆར་བོད་ནང་གི་མདོ་སྨད་ས་ཁུལ་ལ་མི་རིགས་གཉིས་ཀྱི་བར་དུ་རྩོད་གླེང་ཞིག་བྱུང་ཡོད་འདུགབདེན་པ་སུ་ལ་ཡོད་མེད་ངས་བཤད་དགོས་པ་མི་འདུག་ཀྱང༌།རྩོད་རྙོག་འདི་རིགས་རྒྱ་ཆེ་ས་ནས་མི་རིགས་བར་གྱི་འགལ་བ་དང་རྙོག་གླེང་ཞིག་ལ་མི་འགྲོ་བ་བྱ་དགོས་པ་འདི་གལ་ཆེན་པོ་རེད།རྒྱ་བོད་མི་རིགས་ཀྱི་མཐུན་ལམ་སྤྱི་དང་ལྷག་པར་དུ་བོད་ནང་དུ་གྲོང་པ་ཁྱིམ་མཚེས་བྱས་ནས་ཡོད་པའི་རྒྱ་སྡེ་དང་བོད་སྡེའི་བར་ལ་མཐུན་ལམ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན།རྙོག་གླེང་འདི་རིགས་ལ་བདེན་རྫུན་གྱི་ཐོག་ནས་ཐག་གཅོད་བྱ་དགོས་པ་གལ་ཆེན་པོ་ཡིན་ཡང༌།དཀའ་རྙོག་འདི་རྒྱ་ཆེ་རུ་ཕྱིན་ཏེ་རྒྱ་བོད་མི་རིགས་བར་གྱི་འགལ་བའི་ངོ་བོར་གྱུར་པ་ཡིན་ན།ཕྱོགས་གཉིས་ཀར་དཀའ་ངལ་ཇེ་ཆེ་དང་རྙོག་གླེང་ཆེ་རུ་འགྲོ་བ་མ་གཏོགས་རྒྱ་བོད་མི་རིགས་སུ་ལ་ཡང་ཕན་ཐོགས་མེད།

        ༢༽ཁ་སང་དེ་རིང་བོད་ནང་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སྐབས་གཙོ་བོ་ཞིག་ཏུ་གྱུར་ཡོད།རྒྱ་གར་ནང་དུ་ཡིན་ན་བཙན་བྱོལ་བོད་མི་མང་པོ་ཞིག་གི་འཚོ་བའི་རྟེན་གཞི་བལ་གོས་ཚོང་ལས་ལ་བརྟེན་གྱི་ཡོད་པ་ལྟར།དེང་སང་བོད་ནང་གི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གི་འཚོ་བའི་རྟེན་གཞི་དབྱར་རྩྭ་དགུན་འབུ་ལ་བརྟེན་གྱི་ཡོད་པའི་གནས་སྟངས་གསར་པ་ཞིག་འབྱུང་བཞིན་ཡོད།དེ་ཡིན་དུས་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ས་ཆའི་བདག་པོ་དང་རྐོ་མཁན་གྱི་བར་ལ་འཁྲུག་རྩོད་ཤོར་བ་དང༌།རྐོ་མཁན་ནང་ཁུལ་ལ་འཐབ་རྩོད་འབྱུང་བ་སོགས་དཀའ་ངལ་གྱི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པའི་སྐད་ཆ་གོ་ཡོང་གི་འདུགརྩ་བའི་དེང་སང་དབྱར་རྩྭ་དགུན་འབུ་བོད་མི་མང་པོ་ཞིག་གི་འཚོ་བའི་རྟེན་གཞི་གལ་ཆེན་པོ་ཞིག་ཏུ་ཆགས་བཞིན་ཡོད་ན་ཡང༌།འདི་ང་ཚོ་མདོ་སྨད་ནང་ཁུལ་དང་བོད་རིགས་ཀྱི་ནང་ཁུལ་ལ་འགལ་ཟླ་འགྲོ་བའི་རྐྱེན་རྩར་མི་འགྱུར་བ་ཞིག་ང་ཚོས་ངེས་པར་བྱ་དགོས།

        བར་ལམ་ནས་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ནང་ཁུལ་གྱི་མཐུན་ལམ་དང་རྐོ་སྟངས་གང་ཅིའི་ཐད་བོད་ནང་དུ་བཞུགས་པའི་རྒན་རབས་བསམ་ཤེས་ཅན་དང༌།བླ་མ་དགེ་བཤེས་མང་པོ་ཞིག་གིས་ལམ་སྟོན་གནང་གི་ཡོད་འདུགཡིན་ན་ཡང་ད་དུང་འདིའི་ཐོག་རྣམ་པ་ཚོ་ཡོངས་རྫོགས་ཀྱིས་གཟབ་གཟབ་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།ང་ཚོའི་ལུང་པའི་ཁོར་ཡུག་གི་གནས་སྟངས་གང་འདྲ་ཡིན་མིན་ང་ཚོ་ཡོངས་རྫོགས་ཀྱིས་གསལ་པོར་ཤེས་ཀྱི་ཡོད།དེ་ཡིན་དུས་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ཁོར་ཡུག་གི་གནས་སྟངས་ལ་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱི་འདུག་མ་གཏོགས།ད་ལྟ་གང་ཡོད་པ་དེ་བཀོག་ནས་རྗེས་མ་རྒྱུན་རིང་པོར་བསམ་བློ་མི་གཏོང་བར་སྐྱེ་རྒྱུ་མེད་པར་བཟོས་པ་ཡིན་ན།ཁོར་ཡུག་ལ་གནོད་སྐྱོན་འགྲོ་བ་ཙམ་དུ་མ་ཟད།མང་ཚོགས་མང་པོ་ཞིག་ལ་རང་བཞིན་གྱིས་འཚོ་བ་དང་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་པོ་རེད།དེ་ཡིན་དུས་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་ཁོར་ཡུག་གཙང་མ་བཟོས་ཏེ་མ་འོངས་པར་མུ་མཐུད་དབྱར་རྩྭ་དགུན་འབུ་སྐྱེ་ཐབས་ལ་འབད་བརྩོན་བྱ་དགོས་པ་གལ་ཆེན་པོ་རེད།

        བོད་མི་འགའ་ཤས་ཀྱིས་དཔལ་འབྱོར་བཀོལ་སྤྱོད་བྱེད་སྟངས་མི་ཤེས་པར་རང་གི་ནང་མི་དང་བཅས་པས་དབྱར་གང་བོར་དཀའ་ལས་བརྒྱབས་ཏེ།དབྱར་རྩྭ་དགུན་འབུ་བརྐོས་པའི་ཐོག་ནས་དངུལ་ཕྲན་བུ་བྱུང་བ་དེ་དག་དོན་མེད་ཆུད་ཟོས་གཏོང་གི་ཡོད་པའི་གནས་ཚུལ་མང་པོ་ཞིག་གོ་རྒྱུ་འདུགདངུལ་ཕྲན་བུ་ལག་ཏུ་བྱུང་བ་དང་མཉམ་དུ་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཁག་གི་ནང་དུ་ཕྱིན་ཏེ།དོན་དག་མེད་པའི་བག་མེད་ལོངས་སྤྱོད་དང་རྒྱས་སྤྲོས་བྱས་ཏེ་དཔལ་འབྱོར་འཕྲོ་བརླག་ཏུ་བཏང་བ་མ་གཏོགས།རང་གི་ཁྱིམ་ཚང་གི་འཚོ་བ་དང་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་གཏན་ནས་ཡོང་གི་མེད་པ་རེད་ཟེར།སྒོར་མོ་ཁྲི་བརྒྱ་ཉིས་བརྒྱ་ཉི་མ་ཁ་ཤས་ནང་གཏོར་བ་རེད་ཅེས་པ་དེ་འདྲ་ཡང་གོ་རྒྱུ་འདུགརང་གི་ཁྱིམ་ཚང་གི་འཚོ་བའི་དགོས་མཁོ་ལས་ལྷག་པའི་དཔལ་འབྱོར་ཡོད་ན་རང་གི་ཁྱིམ་མཚེས་ཕན་ཚུན་དང་གྲོང་སྡེ་ཕན་ཚུན་ལ་ཤེས་ཡོན་སློབ་སྦྱོང་གི་རོགས་སྐྱོར་དང༌།སྨན་བཅོས་རོགས་སྐྱོར།རྒས་གཅོང་ཉམ་ཐག་གི་རོགས་སྐྱོར་བཅས་ལ་གཏོང་ཐུབ་ན།ཆོས་འཇིག་རྟེན་གང་གི་ཆ་ནས་བཤད་ཀྱང་ཤིན་ཏུ་གཟི་བརྗིད་ཆེན་པོ་དང་རླབས་ཆེན་པོ་རེད།དེ་འདྲ་མ་ཡིན་པར་དངུལ་གང་ཡོད་པ་ཐམས་ཅད་དོན་མེད་འཕྲོ་བརླག་ཏུ་བཏང་བ་ཡིན་ན་རང་གིས་དཀའ་ལས་བརྒྱབས་པར་གྲུབ་འབྲས་མ་ཐོན་པ་རེད་ལ།རང་གི་ཁྱིམ་ཚང་གི་འཚོ་བ་དང་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་པ་ཡོང་གི་མ་རེད།དཀའ་ལས་བརྒྱབས་ནས་བསགས་པའི་དངུལ་གང་ཡོད་པ་དེ་བེད་སྤྱོད་མ་ནོར་བ་ཞིག་གཏོང་ཤེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

        ༣༽མདོ་སྨད་ཀྱི་འབྲོག་པའི་རྩྭ་ཐང་མང་པོ་ཞིག་ལོ་རེ་བཞིན་བྱེ་ཐང་ལ་འགྱུར་བཞིན་ཡོད་འདུགབྱེ་ཐང་དུ་འགྱུར་བཞིན་པའི་ས་ཆ་འདི་དག་གི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་ནུས་པ་ཐོན་པའི་འཆར་གཞི་བཟང་པོ་ཞིག་འདིང་གི་ཡོད་མེད་གང་ལྟར་ཡང༌།གཙོ་བོ་ས་གནས་ས་ཐོག་ལ་ཡོད་པའི་མང་ཚོགས་སྒེར་པ་སོ་སོའི་ངོས་ནས་འགན་བླངས་ཏེ་བྱེ་འགྱུར་སྔོན་འགོག་བྱ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།ང་ཚོས་སྣང་མེད་ལྟ་བུ་བྱས་ཏེ་སྔོན་འགོག་བྱེད་མ་ཐུབ་པར་རྩྭ་ཐང་བྱེ་ཐང་དུ་གྱུར་པ་ཡིན་ན་མ་འོངས་པར་འབྲོག་པའི་སེམས་ཅན་བརྟེན་སའི་རྩྭ་མེད་པར་ཆགས་རྒྱུའི་ཉེན་ཁ་མེད་པ་དེ་འདྲ་གཏན་ནས་མིན།དེ་ཡིན་དུས་མི་ཐོག་རྗེས་མ་དང་མིག་རྒྱང་རིང་པོར་དགོངས་པ་བཞེས་ཏེ།བྱེ་ཐང་དུ་འགྱུར་བཞིན་པའི་རྩྭ་ཐང་འདི་དག་ལ་བྱེ་འགྱུར་སྔོན་འགོག་བྱ་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་རྣམ་པ་ཚོར་དྲན་གསོའི་ཚུལ་དུ་ཞུ་འདོད་བྱུང༌།

        ༤༽རྒྱ་གར་ནང་དུ་ཡིན་ན་གཉེན་སྒྲིག་བྱེད་པའི་སྐབས་སྒོར་མོ་སྤྲོད་ལེན་བྱེད་པའི་ལམ་སྲོལ་རྒྱ་ཆེན་པོ་ཞིག་སྔོན་མ་ནས་དར་ཡོད།ལམ་སྲོལ་འདིའི་ཐོག་ནས་ཁྱིམ་ཚང་མང་པོ་ཞིག་ལ་དཀའ་ངལ་རྒྱུན་མ་ཆད་པར་ཡོང་གི་ཡོད།འདི་དང་འདྲ་བའི་ལམ་སྲོལ་ངན་པ་ཞིག་དེང་སང་མདོ་སྨད་ཁུལ་ལ་དར་གྱི་ཡོད་པ་རེད་ཟེར།ཕོ་མོ་གཉེན་སྒྲིག་བྱེད་པའི་སྐབས་རྒྱན་ཆ་འདི་དང་འདི་སྒྲིག་དགོས་ཀྱི་ཡོད་ཟེར་བ་དང༌།གཉེན་སྒྲིག་སྟོན་མོའི་སྐབས་ལ་འགྲོ་སོང་འདི་འདྲ་ཞིག་གཏོང་དགོས་ཀྱི་ཡོད་ཟེར་བ་ལྟ་བུའི་ཆ་རྐྱེན་མང་པོ་ཞིག་གླེང་སྟེ།ཁྱིམ་ཚང་ཉམ་ཆུང་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་གོ་རྒྱུ་འདུགགནའ་སྔ་མོ་གཉེན་སྒྲིག་བྱེད་པའི་སྐབས་ཨ་མའི་ནུ་རིན་ཞེས་པ་ཞིག་སྤྲོད་པའི་སྲོལ་ཡོད་ཀྱང༌།འདི་ནི་ཡ་རབས་བཟང་སྤྱོད་དང་བཀའ་དྲིན་རྗེས་དྲན་ལྟ་བུས་དང་དུ་བླངས་ནས་སྤྲོད་ཀྱི་ཡོད་པ་མ་གཏོགས།གཞན་པའི་གནོན་ཤུགས་འོག་ནས་མི་ནུས་བཞིན་དུ་རྒྱ་ཆེན་པོ་སྤྲོད་དགོས་པ་དེ་འདྲ་མིན།དེང་སང་གནོན་ཤུགས་ཀྱི་འོག་ནས་སྒོར་མོ་དང་རྒྱན་ཆ་ཤིན་ཏུ་མང་པོ་སྤྲོད་དགོས་པའི་ལུགས་སྲོལ་ངན་པ་ཞིག་དར་ཡོང་གི་འདུག་ཟེར།ལུགས་སྲོལ་ངན་པ་འདི་དར་ཁྱབ་ཏུ་གྱུར་ནས་མདོ་སྨད་མང་ཚོགས་སྤྱིའི་གོམས་སྲོལ་ལྟ་བུར་གྱུར་པ་ཡིན་ན།རིམ་པས་ཁྱིམ་ཚང་ཉམ་ཆུང་ཚོའི་དཀའ་ངལ་ཆེ་རུ་འགྲོ་བར་མ་ཟད།ཁྱིམ་ཚང་དང་བཟའ་ཚང་བར་ལ་མི་མཐུན་པའི་འགལ་ཟླ་ཞེ་འཁོན་ཡོང་བའི་རྐྱེན་རྩར་ཆགས་རྒྱུའི་ཉེན་ཁ་མེད་པ་ཞིག་གཏན་ནས་མིན།དེང་སང་རྒྱ་གར་ནང་གཉེན་སྒྲིག་སྐབས་ཁྱིམ་ཚང་ཕན་ཚུན་བར་སྒོར་མོ་དང་རྒྱུ་ནོམ་པ་སྤྲོད་ལུགས་སྤྲོད་སྟངས་ཀྱི་ཐོག་ནས་མ་འཆམ་པར་ཕན་ཚུན་གསོད་རེས་བྱས་པའི་གནས་ཚུལ་ཡང་མང་པོ་ཡོང་གི་ཡོད།ང་ཚོས་གཟབ་གཟབ་མ་བྱས་པ་ཡིན་ན་དེང་སང་རྒྱ་གར་གྱི་མང་ཚོགས་ནང་ཡོད་བཞིན་པའི་དཀའ་ངལ་འདི་དག་མ་འོངས་པར་མདོ་སྨད་ཀྱི་མང་ཚོགས་ནང་ཡོང་རྒྱུའི་ཉེན་ཁ་ཡོད་པ་རེད།

        དེ་ཡིན་དུས་ང་ཚོའི་མི་རྒན་པ་དང་བསམ་ཤེས་ཅན་རྣམས་ཀྱིས་འབྲེལ་ཡོད་སོ་སོ་ལ་ཁ་ཏ་བསླབ་བྱ་གནང་སྟེ།གཉེན་སྒྲིག་བྱེད་སྟངས་ཀྱི་ལུགས་སྲོལ་ངན་པ་འདི་མདོ་སྨད་པའི་ནང་ལ་དར་ཁྱབ་མི་འགྲོ་བའི་ཐད་འབད་བརྩོན་བྱ་དགོས་པ་གལ་ཆེན་པོ་འདུགགལ་སྲིད་དཔལ་འབྱོར་ཕྲན་བུ་ཡོད་པ་ཡིན་ན་གཉེན་སྒྲིག་སྐབས་བག་མེད་ལོངས་སྤྱོད་ཀྱིས་ཆུད་ཟོས་སུ་མི་གཏོང་བར།དེས་མ་རྩ་བྱས་ནས་ཁྱིམ་ཚང་གསར་པ་དེའི་འཚོ་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་བྱ་དགོས།ང་ཚོ་བོད་མི་རིགས་ལ་དཔལ་འབྱོར་མེད་པའི་དཀའ་ངལ་མ་གཏོགས་དཔལ་འབྱོར་མངས་དྲགས་པའི་དཀའ་ངལ་གཏན་ནས་མེད།རང་གི་དཔལ་འབྱོར་ཡར་རྒྱས་བཏང་བ་དེའི་ཐོག་ནས་བྱུང་ན།སྤྱི་པ་དང་རྒྱ་ཆེ་ས་ལ་ཕན་ཐོགས་ཡོད་པའི་ལས་དོན་ཞིག་སྒྲུབ་ཐུབ་པ་བྱུང་ན་དཔལ་འབྱོར་ཡོད་པས་གོ་ཆོད་པ་རེད།མ་འོངས་པར་འདིའི་ཐད་གཟབ་གཟབ་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་དེ་རིང་རྣམ་པ་ཚོ་བརྒྱུད་ནས་དྲན་གསོ་བྱེད་འདོད་བྱུང༌།

        ༥༽དེང་སང་མདོ་སྨད་ཁུལ་དུ་བླ་མ་གྲྭ་ཚང་ཁག་གིས་རྒྱས་སྤྲོས་བྱ་རྒྱུ་ཅུང་ཙམ་ཐལ་དྲགས་པའི་མཐོང་ཚུལ་ཞིག་ཡོང་གི་འདུགབླ་མ་ཚོས་ཕེབས་གྲུ་ཞིག་ཉོས་པ་ཡིན་ན་རྒྱ་ནག་ནང་གི་རླངས་འཁོར་ཡག་ཤོས་ཉོས་པ་ཙམ་གྱིས་མི་ཆོག་པར་ཕྱི་རྒྱལ་གྱི་རླངས་འཁོར་རིན་གོང་ཆེ་ཤོས་ཀྱི་རིགས་ཉོ་བ་དང༌།དེ་ཙམ་གྱིས་མ་ཆོག་པར་རླངས་འཁོར་གྱི་ཨང་གྲངས་ལ་ཡང་རིན་གོང་ཤིན་ཏུ་ཆེན་པོ་སྤྲད་ནས་ཉོ་གི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུགདེ་བཞིན་རྒྱ་ནག་དང་བོད་ཀྱི་ས་མཚམས་དེ་འདྲ་ལ་བླ་མ་ཚོས་སྤྲོ་སྐྱིད་ཁང་ལྟ་བུ་བཞུགས་ས་རྒྱ་ཆེན་པོ་དང་རྫིག་པོའི་རིགས་མང་པོ་རྒྱག་གི་ཡོད་པའི་ལོ་རྒྱུས་གོ་རྒྱུ་འདུགཁོང་རྣམ་པའི་དཔལ་འབྱོར་གྱི་ཡོང་ཁུངས་ཚོང་ལས་ཀྱི་ཐོག་ནས་ཡོང་གི་ཡོད་པ་དེ་འདྲ་ཡིན་རྒྱུ་མ་རེད་བསམས།ང་དང་འདྲ་བར་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་མང་ཚོགས་ཀྱི་སྐྱབས་རྟེན་དང་བསྔོ་རྟེན་གྱི་ཐོག་ནས་ཡོང་གི་ཡོད་རྒྱུ་རེད་བསམས།དེ་ཡིན་དུས་མང་ཚོགས་ཀྱི་སྐྱབས་རྟེན་དང་བསྔོ་རྟེན་གྱི་ཐོག་ནས་བྱུང་བའི་གཤིན་ཟས་དད་ཟས་དེ་དག་དོན་མེད་རྒྱས་སྤྲོས་མི་གནང་བར།མང་ཚོགས་ཀྱི་ལག་ནས་བྱུང་བའི་དཔལ་འབྱོར་དེ་དག་སླར་ཡང་མང་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་གི་ཐོག་ལ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་བསམས།

        ༦༽དེ་བཞིན་དུ་དགོན་པ་ཁག་གི་དགེ་འདུན་པ་ཚོས་རང་གི་འཚོ་བའི་ཡོ་བྱད་ལས་ལྷག་པའི་རྒྱས་སྤྲོས་ཤིག་གི་ཐོག་ལ་འགྲན་བསྡུར་བྱེད་ཀྱི་ཡོད་པའི་མཐོང་ཚུལ་ཞིག་ཡོང་གི་འདུགདཔེར་ན།བོད་ནང་གི་བརྙན་པར་ཐུང་ངུ་རེ་མཐོང་བའི་སྐབས་གྲྭ་པ་ཡོངས་རྫོགས་ཀྱི་ལག་ཏུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རེ་ཉར་ནས་པར་རྒྱག་པ་དང་བརྙན་ལེན་པ་སོགས་བྱེད་ཀྱི་འདུགགྲྭ་པ་ཞིག་ཡིན་ན་ཉམ་ཆུང་ཚུལ་མཐུན་སྐལ་ལྡན་དང་བ་འདྲེན་པ་ཞིག་ཡིན་དགོས་པ་རེད།གྲྭ་པ་ཚོ་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལས་ཆོས་གོས་རྣམ་གསུམ་འཛོམས་པ་ཞིག་དགོས་པ་འདི་གལ་ཆེན་པོ་རེད་བསམས།ངས་འདི་ནས་ལྷག་བསམ་རྣམ་དག་གིས་ཁ་ཚ་པོ་བྱས་ནས་ཞུས་པ་ཡིན།ཀུ་ཤུ་རྟགས་ཅན་གྱི་ཁ་པར་གྲྭ་པ་ཚོ་ལ་ངེས་པར་མཁོ་བ་དེ་འདྲ་ཡིན་མིན་འབྲེལ་ཡོད་དགོན་པ་སོ་སོའི་ངོས་ནས་གཟིགས་རྟོག་གནང་དགོས་པ་གལ་ཆེན་པོ་རེད་བསམས།

        ༧༽དེང་སང་བོད་ནང་དུ་དཔལ་འབྱོར་ཕྲན་བུ་ཡོད་མཁན་ཁག་ཅིག་གིས་རང་གི་བུ་ཕྲུག་སློབ་གྲྭར་གཏོང་བའི་སྐབས་བོད་ཀྱི་སྐད་ཡིག་ཡོད་སའི་སློབ་གྲྭར་མི་གཏོང་བར།རྒྱ་ནག་ནང་དུ་རྒྱ་ཡིག་རྐྱང་པ་སློབ་སའི་སློབ་གྲྭ་ཁག་གི་ནང་དུ་འགྲོ་སོང་ཆེན་པོ་བཏང་ནས་གཏོང་གི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུགབོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ཉམས་ཆག་འགྲོ་གི་འདུག་ཅེས་རྒྱུན་དུ་བཤད་ཀྱི་ཡོད་པ་རེད།འོན་ཀྱང་དོན་ངོ་མའི་ལག་ལེན་ཐོག་ནས་རང་རང་གི་བུ་ཕྲུག་བོད་ཀྱི་སྐད་ཡིག་སྦྱང་ས་མེད་པའི་རྒྱའི་སློབ་གྲྭ་ཞིག་ལ་བཏང་བ་ཡིན་ན།བོད་ཀྱི་སྐད་དང་ཡི་གེ་ཉམ་ཆག་འགྲོ་བ་ཙམ་དུ་མ་ཟད་མི་ཐོག་རྗེས་མ་འདི་ཚོ་བོད་ཡིག་ཕར་ཞོག་ཐ་ན་བོད་སྐད་ཙམ་ཡང་བཤད་མི་ཤེས་པའི་རྒྱ་མ་བོད་ཅིག་ཏུ་འཚར་ལོངས་ཡོང་རྒྱུ་ཡིན་པ་གསལ་པོ་རེད།

        ཕྱོགས་གཞན་ནས་བཤད་ན་ཁྱེད་ཚོ་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་བོད་ཀྱི་སྐད་ཡིག་སྦྱང་རྒྱུ་ཡོད་པའི་སློབ་གྲྭ་ཁག་ལ་གཏོང་ཐུབ་པ་ཡིན་ན།བུ་ཕྲུག་གིས་བོད་ཡིག་ཤེས་པར་ཕན་ཐོགས་ཡོད་པར་མ་ཟད་བུ་ཕྲུག་ཅི་ཙམ་མང་པོ་བོད་ཀྱི་སྐད་ཡིག་ཡོད་པའི་སློབ་གྲྭར་གཏོང་ཐུབ་པ་དེའི་ཚོད་ཀྱིས་སློབ་གྲྭ་དེ་དག་བརྟན་པོ་དང་རྒྱ་ཆེན་པོ་ཡོང་བ་ལ་ཁྱེད་ཚོས་རྒྱབ་སྐྱོར་བྱེད་པར་ཆགས་ཀྱི་ཡོད།དེ་ཡིན་དུས་བོད་པའི་ཕ་མ་རྣམས་ཀྱིས་འགན་བླངས་ཏེ་རང་རང་གི་བུ་ཕྲུག་བོད་ཡིག་སྦྱང་རྒྱུ་ཡོད་སའི་སློབ་གྲྭ་ཁག་ལ་གཏོང་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

        ༨༽དེང་སང་མདོ་སྨད་ཁུལ་དུ་ཉེ་ས་ཉེ་སྐོར་ནང་བསྒྲིགས་ནས་ཤིང་སློང་དང་སྤྲོ་སྐྱིད་གཏོང་བ་ལ་སོགས་པའི་བྱེད་སྒོ་སྣ་ཚོགས་དར་བཞིན་པའི་གནས་ཚུལ་ཞིག་ཡོང་གི་འདུགརྩ་བའི་ནང་ཁུལ་གྱི་མཐུན་ལམ་ཐོག་ནས་འདི་ལྟར་སྒྲིག་པ་ཤིན་ཏུ་ཡག་པོ་རེད།ཡིན་ན་ཡང་མ་འོངས་པར་ང་ཚོའི་ཕྱོགས་དང་ཁོ་ཚོའི་ཕྱོགས་ཟེར་ནས་ཕན་ཚུན་འཐེན་འཁྱེར་དང་འགལ་བའི་ངོ་བོར་མ་སོང་བ་ཞིག་བྱ་དགོས།ད་ལྟའི་སྐབས་གནས་སྟངས་ངན་པ་དང་ཚབས་ཆེན་པོ་དེ་འདྲའི་ངོ་བོར་ཕྱིན་མེད་ཀྱང་མ་འོངས་པར་ཕྱོགས་དང་ཤོག་ཁག་གི་ངོ་བོར་འགྲོ་མི་སྲིད་པ་མིན་དུས་ད་ལྟ་ནས་བཟུང་གཟབ་གཟབ་བྱ་དགོས་པ་གལ་ཆེན་པོ་རེད།འདི་རྣམ་པ་ཚོ་བརྒྱུད་ནས་དྲན་གསོའི་ཆེད་དུ་ཞུ་འདོད་བྱུང༌།

        ༩༽གནའ་སྔ་མོ་ནས་རྒྱ་བོད་ཀྱི་མི་རིགས་གཉིས་འདྲེས་ནས་ཡོད་པའི་ས་ཁུལ་མང་ཆེ་བ་ནི་མདོ་སྨད་ནང་དུ་ཡོད།མདོ་སྨད་ཀྱི་ནང་དུ་གནའ་སྔ་མོ་ནས་རྒྱ་དང་བོད་གཉིས་ས་མཚམས་ཀྱི་ཐོག་ནས་འདྲེས་ཡོད་པར་མ་ཟད།ལྷག་པར་དུ་དེང་སང་མདོ་སྨད་ཀྱི་ནང་དུ་རྒྱ་རིགས་མང་པོ་ཞིག་རང་བཞིན་གྱིས་འདྲེས་ནས་ཡོད་དུས།རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་ལམ་དེ་རྒྱ་བོད་གཉིས་འདྲེས་ནས་ཡོད་པའི་ས་ཁུལ་ནས་ལྷག་པར་ཡག་པོ་ཡོང་ཐབས་ལ་ཤུགས་ཆེན་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད་བསམས།མ་འོངས་པར་མཐའ་མཚམས་ཁུལ་ནས་བཟུང་མདོ་སྨད་མང་ཚོགས་དང་འདྲེས་ནས་ཡོད་པའི་རྒྱ་རིགས་དེ་དག་བོད་ཀྱི་ས་ཐོག་ནས་གནས་སྤོ་ཐུབ་པའི་གོ་སྐབས་ཕལ་ཆེར་ཡོད་པ་མ་རེད།དེར་བརྟེན་ང་ཚོར་འདོད་པ་ཡོད་མེད་གང་ལྟར་ཡང་ས་ཁུལ་མང་པོ་ཞིག་ལ་རྒྱ་བོད་མི་རིགས་གཉིས་མཉམ་དུ་སྡོད་དགོས་པ་ཡིན་དུས།མཐུན་ལམ་གྱི་ཐོག་ནས་གནས་ཐུབ་ན་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་རེད།དེ་ཡིན་དུས་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་ལམ་ཐོག་ལ་མདོ་སྨད་ནང་ནས་དམིགས་བསལ་ཤུགས་སྣོན་རྒྱག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཤད་འདོད་བྱུང༌།

        ༡༠༽བྱེས་ལ་ཡོད་པའི་མདོ་སྨད་པ་ཚོའི་ནང་ཁུལ་མཐུན་ལམ་དང་གང་ཅིའི་ཐད་ནས་དེང་སང་ཤིན་ཏུ་ཡག་པོ་འདུགམ་འོངས་པར་ཡིན་ན་ཡང་མཐུན་ལམ་གྱི་ཐོག་ལ་གནས་དགོས་པ་གལ་ཆེན་པོ་རེད།དེང་སང་མི་ཐོག་རྙིང་པ་རྫོགས་ནས་མང་ཆེ་བ་མི་ཐོག་གསར་པར་ཆགས་ཡོད།དཔེར་ན།དེ་རིང་འདིར་འཛོམས་པའི་བརྒྱ་ཆ་མང་ཆེ་བ་མི་ཐོག་གསར་པ་མ་གཏོགས་རྙིང་པ་ཕལ་ཆེར་མཐོང་རྒྱུ་མི་འདུགམི་ཐོག་གསར་པའི་སྐབས་མི་ཐོག་རྙིང་པའི་བསམ་ཚུལ་དྲི་མ་ཅན་དང་ཕྱོགས་འཐེན་ཅན་གྱི་བསམ་བློ་དང་བྱ་སྤྱོད་རིགས་ཁུར་མི་ཡོང་རྒྱུ་འདི་གལ་ཆེན་པོ་རེད།དེང་སང་མཚམས་རེར་སྐད་ཆ་བཤད་པའི་སྐབས་དང་རྩོམ་ཡིག་འབྲི་བའི་སྐབས་གང་དུ་ཡིན་ན་ཡང་མི་དགོས་པའི་སྔ་མོའི་ཕྱོགས་འཐེན་གྱི་བསམ་ཚུལ་ངན་པ་དེ་ཕྲན་བུ་རེ་ཡོང་གི་ཡོད་པའི་མཐོང་ཚུལ་བྱུང༌།བསམ་ཚུལ་རྙིང་པ་འདི་རིགས་ཆུང་ཚགས་ཤིག་ཡིན་ན་ཡང་ང་ཚོ་ལ་གཏན་ནས་དགོས་མཁོ་ཡོད་པ་ཞིག་མ་རེད་ལ།འདིས་ང་ཚོ་སྤྱི་སྒེར་ཀུན་ལ་ཕན་ཐོགས་གཏན་ནས་ཡོད་པ་མ་རེད།ང་ཚོ་ྋརྒྱལ་བ་རིན་པོ་ཆེའི་ཞབས་འོག་ཏུ་ཡོད་པ་རྣམས་ཀྱིས་དམིགས་བསལ་འགན་འཁྱེར་ནས་ནང་ཁུལ་གྱི་མཐུན་ལམ་གྱི་ཐོག་ཤུགས་རྒྱག་དགོས་པ་འདི་གལ་ཆེན་པོ་འདུག་ཅེས་ཞུ་འདོད་བྱུང༌།

        ༡༡༽དེ་ནས་གནས་ཚུལ་ཆུང་ཚེགས་ཤིག་ལ་ཨ་མདོ་པ་རྣམས་ཀྱིས་ས་ཆའི་མིང་འབོད་སྟངས་ཐོག་ལ་ཐུགས་བསམ་བཞེས་དགོས་ཀྱི་འདུགལྷ་ས་ཕྱོགས་ལྟ་བུར་མཚོན་ན་སྟོད་ལུང་ནས་ཡིན་ན་ང་སྟོད་ལུང་པ་ཡིན་ཟེར་གྱི་རེད།འཕན་པོའི་ནང་ནས་ཡིན་ན་ང་འཕན་པོ་པ་ཡིན་ཟེར་གྱི་རེད།ཡིན་ན་ཡང་ང་ཚོའི་ཕ་ཡུལ་ནས་ཡོང་མཁན་རིགས་ཤིག་ལ་ཁྱོད་ཕ་ཡུལ་གང་ནས་ཡིན་ཟེར་ནས་དྲིས་པ་ཡིན་ན།མང་ཆེ་བས་སོ་སོའི་ལུང་པ་དང་གཤོག་ཀའི་མིང་ངོ་མ་དེ་གང་ཡིན་པ་མ་ཤེས་པ་ཡིན་ནམ།གང་ལྟར་དེང་སང་རྒྱ་ནག་གཞུང་གིས་བགོ་འགྲེམས་བྱས་པའི་རྫོང་དང་ཁུལ་ཞིང་ཆེན་སོགས་ཀྱི་མིང་ནས་བཤད་ཀྱི་འདུགདཔེར་ན།མང་པོ་ཞིག་གིས་ང་མཚོ་སྔོན་ནས་ཡིན་ཟེར་གྱི་འདུགབསྐྱར་དུ་མཚོ་སྔོན་གང་ནས་ཡིན་ཟེར་ནས་དྲིས་དུས།མགོ་ལོག་ནས་ཡིན་ཟེར་གྱི་འདུགམགོ་ལོག་ནས་ཡིན་ན་ང་མགོ་ལོག་ནས་ཡིན་ཟེར་བ་མ་གཏོགས་མཚོ་སྔོན་ནས་ཡིན་ཟེར་དགོས་པའི་རྒྱུ་མཚན་མེད།སྔ་མོ་མགོ་ལོག་ཁག་གསུམ་ལ་མཚོ་སྔོན་ཟེར་བའི་མིང་ཐོགས་མེད།གནའ་སྔ་མོའི་ལོ་རྒྱུས་ཐོག་ནས་ལུང་པ་རང་རང་ལ་མིང་ཐོགས་བསྡད་པ་ཞིག་ཡོད་པ་དེ་གཙོ་བོར་འཛིན་དགོས་པ་མ་གཏོགས།ཕྱིས་སུ་རྒྱ་ནག་གཞུང་གིས་བགོ་བཤའ་བྱས་པའི་ས་ཁུལ་གྱི་མིང་དེ་གཙོ་བོར་འཛིན་དགོས་དོན་མེད།

        དེ་བཞིན་གྲོང་པའི་མིང་འབོད་སྟངས་ལྟ་བུར་མཚོན་པ་ཡིན་ན།རྔ་པ་ཀིརྟི་དགོན་པའི་མཐའ་པ་དེ་ལ་རྒྱ་མིས་ཁྲིན་བཀན་ཟེར་གྱི་ཡོད་པ་ཡིན་དུས།ཁོ་ཚོས་ཀྱང་མིང་དེ་ཡིན་ཤག་བྱས་ཏེ་ང་ཁྲིན་བཀན་ནས་ཡིན་ཟེར་གྱི་འདུགའདི་དང་འདིས་མཚོན་པའི་ལུང་པ་དང་གྲོང་པའི་མིང་འབོད་སྟངས་ཡ་མཚན་པོ་ཞིག་ང་ཚོ་ཨ་མདོའི་ནང་ལ་དར་ཁྱབ་ཆེན་པོ་ཡོང་གི་འདུགདེ་བཞིན་མིང་མང་པོ་ཞིག་རྒྱ་སྐད་ཀྱི་ནང་ལ་བཤད་ཀྱི་འདུགརྩ་བའི་མདོ་སྨད་ནང་དུ་སྐད་ཡིག་སྲུང་སྐྱོབ་ཀྱི་ཚོགས་པ་མང་པོ་བཙུགས་ནས་ཡག་པོ་གནང་གི་འདུག་ཀྱང་འདི་རིགས་ཀྱི་ཐོག་ལ་འཐུས་ཤོར་ཆེན་པོ་ཞིག་འགྲོ་གི་འདུགངའི་ས་ལ་ཡོང་མཁན་མང་པོ་ཞིག་ལ་ཁྱོད་གང་ནས་ཡིན་ཟེར་ནས་དྲིས་པའི་སྐབས་རྒྱ་མིང་ཞིག་བཤད་ཡོང་གི་འདུགགནའ་སྔ་མོའི་ས་ཆའི་མིང་གང་རེད་ཅེས་དྲིས་པའི་སྐབས་དེ་ངས་ཤེས་ཀྱི་མེད་ཟེར།ང་ཚོའི་རྣ་བ་ལ་གནའ་སྔ་མོའི་མིང་འབོད་སྟངས་དེ་འཇགས་ཡོད་པ་ཡིན་དུས་རྒྱ་མིང་ཞིག་བཤད་ཡོང་བའི་སྐབས་ས་ཆ་གང་ནས་ཡིན་གཏན་ནས་གོ་བརྡ་འཕྲོད་ཀྱི་མི་འདུགམཚོ་སྔོན་རྐང་ཚ་ནས་ཡིན་ན་ང་རྐང་ཚ་ནས་ཡིན་ཟེར་རྒྱུ་རེད།དེ་བཞིན་མདའ་བཞི་ནས་ཡིན་ན་ང་མདའ་བཞི་ནས་ཡིན་ཟེར་རྒྱུ་རེད།ཅོ་ནེ་ནས་ཡིན་ན་ང་ཅོ་ནེ་ནས་ཡིན་ཟེར་རྒྱུ་རེད།བར་སྐབས་ནས་རྒྱ་ནག་གཞུང་གིས་ང་ཚོའི་ལོ་རྒྱུས་ཐོག་གྲགས་པའི་ས་མིང་ཆུ་མིང་མང་པོ་ཞིག་ལ་འགྱུར་བ་བཏང་སྟེ་མིང་གསར་པ་སྣ་ཚོགས་འདོགས་ཀྱི་ཡོད།ང་ཚོ་བོད་པ་ཚོ་ཡིན་ན།ཐ་ན་རང་གི་ཡུལ་དང་ལུང་པའི་སྔ་མོའི་མིང་རྙིང་པ་དེ་ལ་དོ་སྣང་མི་བྱེད་པར་རིམ་པས་བརླག་འགྲོ་གི་ཡོད།དེ་ཡིན་དུས་ལུང་པའི་མིང་འབོད་སྟངས་འདིའི་ཐད་ང་ཚོ་ཡོངས་རྫོགས་ཀྱིས་གཟབ་གཟབ་བྱ་དགོས་ཀྱི་འདུགད་ལྟའི་མི་ཐོག་འདིའི་སྐབས་ལུང་པའི་མིང་ངོ་མ་དེ་གསལ་པོར་མ་ཤེས་པར་གྱུར་ན།མི་ཐོག་རྗེས་མའི་སྐབས་ལ་ལུང་པ་སོ་སོའི་མིང་དེ་རྩ་མེད་དུ་འགྲོ་བའི་ཉེན་ཁ་འདུགལྷག་པར་དུ་རྒྱ་གར་དུ་ཡོང་མཁན་ཚོའི་ངོས་ནས་འདིའི་ཐོག་དགོངས་པ་བཞེས་དགོས་པ་ཞིག་འདུག་བསམས།

        ང་ཚོ་ཐོག་མར་རྒྱ་གར་ལ་གསར་དུ་འབྱོར་བའི་སྐབས་ལུང་པ་དང་ཕྱོགས་སྒྲིག་གི་མིང་མའྀ་མིང་གི་ཐོག་ལ་སྦྱོར་བའི་སྐབས་ཤིག་ཤར་བ་རེད།དངོས་སུ་བྱུང་བའི་གནས་ཚུལ་དེ་ངས་གསལ་པོར་བཤད་ན་འགལ་བ་ཡོད་རྒྱུ་མ་རེད་བསམས།དཔེར་ན།ང་ལྟ་བུ་ཡིན་ན་ང་ཚོའི་ལུང་པའི་ནང་དུ་ཀིརྟི་ཟེར་བའི་ལུང་པ་ཞིག་མེད་པ་མི་རྙིང་པ་མང་ཆེ་བས་མཁྱེན་གྱི་རེད།ཀིརྟིའི་སྒྲོན་དཀར་ལྷ་མོ་ཟེར་བ་དང༌།ཀིརྟིའི་བཀྲ་ཤིས་དོན་གྲུབ་ཅེས་པ་ལྟ་བུའི་མིང་ཞིག་ཆེད་དུ་མངགས་ནས་ང་ཚོའི་མི་ཐོག་རྙིང་པ་ཚོས་བཏགས་ནས་བཟོས་ཏེ་ཡིག་ཆ་ཡོངས་རྫོགས་ལ་བྲིས་པ་རེད།དེ་བཞིན་མདོ་སྨད་ཀྱི་མི་མང་པོ་ཞིག་གིས་འདི་ལྟར་ཕྱོགས་འཐེན་དུ་འགྲོ་གཞིའི་མི་མིང་བེད་སྤྱོད་བཏང་སྟེ་ལག་འཁྱེར་ཡོངས་རྫོགས་ཀྱི་སྒང་ལ་བྲིས་པ་རེད།འདི་ལྟར་བྲིས་པ་དེས་ང་ཚོའི་ནང་ཁུལ་ལ་མཐོང་ཕྱོགས་མ་བདེ་བ་ཞིག་བཟོས་པ་མ་གཏོགས་རང་གཞན་ཀུན་ལ་ཕན་ཐོགས་བྱུང་མེད།སྐབས་ཤིག་ནས་མིང་འབྲི་སྟངས་དེ་རིགས་ཡལ་བ་ལྟ་བུར་གྱུར་ཡོད་ནའང༌།དེང་སང་རིགས་ཤིག་གིས་བསྐྱར་དུ་མིང་དེ་རིགས་ཕྲན་བུ་སྦྱར་ཡོང་གི་འདུགནང་ཁུལ་ལ་འཐེན་འཁྱེར་དང་འགལ་ཟླར་འགྲོ་གཞིའི་མིང་ཚིག་འདི་རིགས་སྦྱར་བས་རང་གཞན་སུ་ལ་ཡང་ཕན་ཐོགས་མེད།རང་རང་ལུང་པ་དང་གྲོང་སྡེ་གང་ནས་ཡིན་པ་དེ་གང་ནས་ཡིན་པ་ཤེས་བྱེད་དུ་སྦྱར་ན་འགྲིག་པ་མ་གཏོགས་སྔ་མོའི་ཚོགས་སྡེ་དང་གཤོག་ཁག་འཐེན་འཁྱེར་ལ་འགྲོ་གཞིའི་མིང་དེ་རིགས་མིའི་མིང་གི་ཐོག་ལ་མ་སྦྱར་ན་ཡག་པོ་ཡོད་པ་རེད་ཅེས་ཞུ་འདོད་བྱུང༌།

        ༡༢༽ལྷ་ས་པས་ང་ཚོ་ཨ་མདོ་པ་ཚོ་ལ་མིང་འདོགས་ག་རེ་བྱེད་ཀྱི་ཡོད་པ་རེད་ཅེ་ན།ཨ་མདོ་པ་ལ་ཨོལ་མདུད་མེད།ཅེས་པའི་མིང་འདོགས་བྱེད་སྲོལ་ཡོད།དངོས་ཡོད་གནས་ཚུལ་ལ་ཨ་མདོ་པ་མང་པོ་ཞིག་ལ་ཨོལ་མདུད་མེད་པ་ལྟར་བཤད་དགོས་མི་དགོས་མང་པོ་ཞིག་བཤད་སྡོད་མཁན་ཞིག་རེད་འདུགའདྲ་མི་འདྲ་བཤད་བསྡད་པ་དེས་རང་ཉིད་ལ་ཕན་ཐོགས་མེད་པར་མ་ཟད།ཨ་མདོ་པ་ལ་སྔར་ནས་ད་བར་མིང་བཟང་པོ་ཞིག་ཡོད་པ་དེ་ཡང་མེད་པར་བཟོ་བའི་ཉེན་ཁ་མེད་པ་དེ་འདྲ་རེད་མི་འདུགརྩོམ་ཡིག་ཁ་ཤས་ཀྱི་ནང་དུ་མདོ་སྨད་པ་ཚོ་ལ་དམར་པོའི་ལྟ་བ་ཤུགས་ཆེན་པོ་ཡོད་པ་རེད་ཅེས་བཤད་ཡོང་གི་འདུགམི་ཁ་ཤས་ཀྱི་བྱེད་ཕྱོགས་ལ་བལྟས་ན་མི་གཞན་པར་མཐོང་ཚུལ་འདི་འདྲ་ཡོང་དགོས་པའི་རྒྱུ་མཚན་འདུགྋརྒྱལ་བ་རིན་པོ་ཆེས་རྒྱུན་དུ་བཀའ་གནང་གི་ཡོད་པ་ལྟར།མི་ཡོངས་རྫོགས་ལ་གཅིག་མཚུངས་ཀྱིས་སྨྲ་བརྗོད་རང་དབང་ཡོད་ཀྱང་བཤད་ན་ཕན་ཐོགས་ཡོད་མེད་ལ་ཐོག་མར་བསམ་བློ་གཏོང་དགོས་ཀྱི་ཡོད།ང་ལ་སྨྲ་བརྗོད་རང་དབང་ཡོད་ཟེར་ནས་སེམས་ལ་གང་དྲན་ཡོངས་རྫོགས་བཤད་བསྡད་ན་དེས་སྤྱི་ཚོགས་ལ་ཕན་ཐོགས་གཏན་ནས་ཡོད་པ་མ་རེད་བསམས།གང་བྱུང་མང་བྱུང་བཤད་བསྡད་པ་དེ་ལ་ཚོད་འཛིན་བྱས་ནས།སྐད་ཆ་གང་འདྲ་ཞིག་བཤད་པས་སྤྱི་པ་ལ་ཕན་ཐོགས་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

        ༡༣༽རྣམ་པ་ཚོ་ཡོངས་རྫོགས་ཀྱིས་ཤེས་གསལ་ལྟར་ལོ་སྔོན་མའི་ནང་སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུའི་སྐབས་རྙོག་དྲ་དང་དཀའ་ངལ་མང་པོ་ཞིག་བྱུང་བ་རེད།དེའི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེར་ཐུགས་ཕམ་བྱུང་དགོས་པའི་གནས་ཚུལ་ཡང་བྱུང་བ་རེད།ཁྱོད་ལན་པ་དང་ང་མི་ལན་ཞེས་ང་ཚོས་གླེང་དགོས་དོན་མི་འདུགད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་དེའི་གཡའ་ལྟ་བུ་ཕྲན་བུ་ཡོད་པའི་མཐོང་ཚུལ་ཞིག་ཡོང་གི་འདུགངའི་རེ་བ་ལྟར་བྱས་ན་རྙོག་གླེང་འདིའི་རིགས་ཉི་མ་དེ་ནས་བཟུང་ནས་རྩ་མེད་དུ་འགྲོ་དགོས་པ་རེད།མདོ་སྨད་པ་ནང་ཁུལ་ལ་མཐུན་ལམ་ཡོད་པའི་ཐོག་ནས་ཆོལ་ཁ་གཞན་དག་ལ་ཡང་མཐུན་ལམ་དམ་ཚིག་ཡག་པོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད།འོས་བསྡུའི་ལས་རིམ་འདིའི་ཐོག་ནས་ནོར་འཁྲུལ་བྱུང་བའི་དབང་གིས་ྋརྒྱལ་བ་རིན་པོ་ཆེས་ཐུགས་ཕམ་པའི་ངང་ནས།ང་བསྡད་མ་བསྡད་མི་འདུག་སྙམ་པ་བྱུང༌།ཞེས་གསུངས་པ་རེད།ང་ཚོ་ལ་མཚོན་ན་འདི་ལས་སྐྱོ་བའི་གནས་ཚུལ་ཞིག་གཏན་ནས་ཡོད་པ་མ་རེད།གནས་སྟངས་སྐྱོ་པོ་འདི་འདྲ་ཞིག་གི་སྒང་ལ་སླེབས་པ་རེད།ད་ཕྱིན་ཆད་མ་འོངས་པར་མཐུན་ལམ་གྱི་ཐོག་ལ་དགོངས་པ་བཞེས་དགོས་ཀྱི་འདུགཞེ་འཁོན་ལྟ་བུའི་གནས་ཚུལ་མ་བདེ་བ་བྱུང་མྱོང་བ་དེའི་ཐོག་ཨེ་འབར་ལྟ་བསྡད་ན་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད།

        ང་ཚོ་མདོ་སྨད་པ་རྣམས་དྲང་པོ་དྲང་བཞག་དང་སྤྱི་པའི་ལས་དོན་ཐོག་ལ་ལྷག་བསམ་རྣམ་དག་ཡོད་མཁན་ཤ་སྟག་ཡིན་དུས་ཆབ་སྲིད་ཀྱི་ལས་དོན་གྱིས་མཚོན་པའི་གནས་སྟངས་གང་འདྲ་ཞིག་གི་སྐབས་སུ་ཡིན་ན་ཡང་གཞན་པའི་མགོ་སྐོར་འོག་ཏུ་མ་ཚུད་པ་བྱ་དགོས་པ་གལ་ཆེན་པོ་རེད།ང་ལོ་ན་བདུན་ཅུ་དོན་དྲུག་ལོན་པའི་མི་རྒན་ཞིག་ཡིན་པའི་ཆ་ནས་མི་རྒན་གྱི་ཤ་ཚས་ཅུང་ཙམ་ཚིག་རྩུབ་པོ་དང་ཁ་རུ་ཁ་ཐུག་བྱས་ནས་ཞུས་ཡོད།ངས་བཤད་སྟངས་ཀྱི་ཐོག་ནས་མ་འགྲིག་པ་དང་མ་བདེ་བ།གཞན་ལ་ཕོག་ཐུག་འགྲོ་བ་རེ་བྱུང་ཡོད་ཚེ་རྣམ་པ་ཚོར་དགོངས་དག་ཟེར་ནས་ཞུ་རྒྱུ་ཡིན།རྣམ་པ་ཚོས་ཡག་པོ་གསན་བྱུང་བས་ཐུགས་རྗེ་ཆེ་ཞུ།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་སྤེན་པ།, /11/ 25, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.