བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མདོ་སྨད་དབུས་རྒྱུན་ནས་ཐུགས་གསོའི་འཚམས་འདྲི།

པར་འདེབས། PDF

བོད་མི་མང་སྤྱི་འཐུས་ཟུར་བ་མདོ་སྨད་པ་དགེ་འདུན་སྦྱིན་པ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༧།༤༠ ཐོག་སྐུ་གྲོང་ཡོད་པའི་གནས་ཚུལ་ཐོས་པར་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡིད་སྐྱོའི་གནས་སུ་གྱུར།

དམ་པ་ཁོང་གིས་ཆུང་ངུའི་དུས་ནས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཁག་ལ་སློབ་གཉེར་ཚུལ་བཞིན་དུ་གནང་། ལོ་ངོ་སུམ་ཅུ་ཙམ་གྱི་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སུམ་རྟགས་དག་གསུམ་གཙོས། རྒྱལ་རབས་དང་། ཆོས་འབྱུང་སོགས་སློབ་འཁྲིད་གནང་། དེ་བཞིན་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཞོན་དང་། གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མིའི་ལས་ཁུར་ཞུས། བགྲེས་ཡོལ་ཟིན་རྗེས་སུའང་སེར་བྱེས་འབྲིང་རིམ་སློབ་གྲྭ་དང་། ཆོས་གྲྭ་སློབ་གཉེར་བ། རྫོང་ཆོས་དགེ་འདུན་པ་བཅས་ལའང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་། སྙན་ངག་སོགས་སློབ་འཁྲིད་ཀྱི་ཞབས་ཞུ་བསྒྲུབས་གནང་མཛད་ནས་ཕན་བདེ་བླ་མེད་སྒྲུབ་ཡོད། ད་དུང་ཁོང་གིས་སུམ་རྟགས་དགོངས་འགྲེལ་རིག་པའི་སྣང་བ་སོགས་ཀྱི་དཔེ་དེབ་ཀྱང་བརྩམས་ཡོད། ཕྱི་ལོ་ ༢༠༠༡ ལོར་བོད་མི་མང་སྐབས་བཅུ་གསུམ་པའི་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར་ལས་ཡུན་ཆ་ཚང་ཞུས་པ་སོགས་དམ་པ་ཁོང་གིས་རང་གི་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབས་པར་བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ཡི་རངས་བསྔགས་བརྗོད་དང་འབྲེལ་ཁོང་གི་སྐུ་ཟླས་གཙོས་བཟའ་མི་བུ་ཕྲུག་དང་གཉེན་ཉེ་འབྲེལ་ཡོངས་ལ་ཐུགས་གསོའི་འཚམས་འདྲི་ཞུ། དམ་པ་ཁོང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ཉེས་མཐའ་དག་བྱང་ཞིང་དག་ནས་སྐུ་བཞིའི་རྒྱལ་སར་མྱུར་དུ་བགྲོད་པའི་སྨོན་འདུན་ཤུགས་དྲག་དང་བཅས། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༩ ལ།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་པ་སངས།, /06/ 22, 2018
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.