བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

གུན་ཁྲན་ཏང་གི་བྱུང་རིམ།

པར་འདེབས། PDF

སྤྱི་ལོའི་དུས་རབས་༡༩ མགོ་སྟོད་ནས་བཟུང་མན་ཇུ་རྒྱལ་རབས་ཉམས་མགོ་ཚུགས་ཤིང༌། དེ་ཡང་དཔོན་རིགས་ཁྲོད་ལྐོག་ཟ་རུལ་སུངས་ཉིན་རེ་བཞིན་ཚབས་ཆེར་འགྲོ་བཞིན་པ་དང༌། ནང་པའི་རྗེས་འཇུག་ཏུ་སྒྲོག་མཁན་པེ་ལེན་ཅའོ་དང་ཐེན་ལི་ཅའོ་སོགས་ཆོས་ལུགས་ཁ་ལ་འཁྱེར་བའི་ཞིང་པའི་གྱེན་ལངས་ལས་འགུལ་གཞི་རྒྱ་ཆེ་བ་སྔ་རྗེས་སུ་ལངས་པ་མ་ཟད། དབྱིན་ཇི་དང་ཧོ་ལནཌ། པོར་ཅི་གྷལ་སོགས་ཀྱིས་རྒྱ་ནག་ལ་བཙན་ཤེད་ཀྱིས་ཚོང་འབྲེལ་བྱེད་དགོས་པའི་གནོན་ཤུགས་སྤྲད་པ་དང༌། ལྷག་པར་དུ་དབྱིན་ཇིའི་ཚོང་པ་ཚོས་སྤྱི་ལོ་༡༧༨༧ ལོ་ནས་ཚོང་ཟོག་གཞན་དང་མཉམ་དུ་རྒྱ་ནག་ནང་ཉལ་ཐ་འདྲེན་ཚོང་ཤུགས་ཆེར་བྱས་པས། རྒྱ་ནག་ལ་ཚོང་འབྲེལ་གྱི་གྱོང་གུད་ཆེན་པོ་ཕོག མན་ཇུ་གཞུང་གིས་སྤྱི་ལོ་༡༨སྤྱི་ལོ་༡༥ ལོར་ཉལ་ཐ་འགོག་སྡོམ་གྱི་ཁྲིམས་ཡིག་བཟོས་ཏེ་ཕྱི་རྒྱལ་གྱི་གྲུ་གཟིངས་ལ་སྔོག་བཤེར་བྱེད་དུ་བཅུག་ཀྱང༌། ཉལ་ཐའི་ཚོང་ལམ་གཅོད་མ་ཐུབ། སྤྱི་ལོ་༡༨༣༩ ལོར་མན་ཇུ་གཞུང་གིས་བཏང་བའི་སྐུ་ཚབ་ཀྱིས་ཀོང་ཀྲོའུ་རུ་དབྱིན་ཇིའི་ཚོང་པའི་ལག་ནས་བཙན་འཕྲོག་བྱས་པའི་ཉལ་ཐ་རྒྱ་མ་ཁྲི་༢༣༧ ལྷག་སྡེབ་གཅིག་ལ་མེར་བསྲེགས་པས། ལོ་ཕྱི་མར་དབྱིན་གཞུང་གིས་དགྲ་སྐྱིན་ལེན་རྒྱུའི་དམག་འཐབ་བསླངས། ཉལ་ཐའི་དམག་འཁྲུག་དེ་ལོ་གཅིག་ལྷག་ཙམ་ལ་རྒྱུན་མཐུད་པ་དང༌། སྤྱི་ལོ་༡༨༤སྤྱི་ལོ་༡ ལོར་དབྱིན་ཇིའི་དམག་དཔུང་རྒྱ་ནག་གི་གྲོང་ཁྱེར་ནན་ཅིན་དུ་སླེབས་ཏེ། ཧོང་ཀོང་བཅད་བཟུང་དང༌། ཧྲང་ཧེ་དང་ཀོང་ཀྲོའུ་སོགས་སུ་ཚོང་འབྲེལ་འགག་སྒོ་གསར་འབྱེད་དང༌། གུན་གསབ་ཀྱི་ཆད་དངུལ་འབོར་ཆེན་སྤྲོད་དགོས་པའི་" ནན་ཅིན་ཆིངས་ཡིག་" བཞག དེར་མཐུད། ཨ་རི། ཧཕ་རན་སི། ར་ཤི་ཡ། ཇ་པན་བཅས་ནས་སྔ་རྗེས་སུ་རྒྱ་ནག་ལ་བཙན་འཛུལ་གྱིས། རྒྱ་ནག་དེ་" ཕྱེད་བཀས་བཀོད་རྒྱུད་འཛིན་དང་ཕྱེད་མི་སེར་སྤེལ་ཡུལ་" གྱི་ཡུལ་ལུང་ཞིག་ཏུ་བསྒྱུར། སྤྱི་ལོ་༡༨༥༡ ནས་སྤྱི་ལོ་༡༨༦༤ བར། རྒྱ་ནག་ནང་ཁུལ་དུ་མན་ཇུ་གོང་མར་ངོ་ལོག་གི་དྲག་ཟིང་རྒྱུན་མཐུད་བྱུང་བ་དང༌། ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཧོང་ཞིའུ་ཆོན་ཟེར་བ་ཞིག་གིས་གྱེན་ལོག་གིས། ནན་ཅིན་རྒྱལ་ས་བྱས་པའི་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་ཆེན་སྐོར་ཞིག་ཏུ་ཞི་བདེ་གནམ་རྒྱལ་ཟེར་བའི་རྒྱལ་ཁབ་བཙུགས་པ་དང༌། དེ་བཞིན་ཧཕུ་ཅན་སོགས་སུ་མན་ཇུར་ངོ་རྒོལ་དང༌། མཱིང་རྒྱལ་རབས་བསྐྱར་གསོའི་ལས་འགུལ་རྩོམ་མཁན་" ཐེན་ཏི་ཧོས། " ཨན་ཧོས་དང་ཧོ་ནན་སོགས་བྱང་རྒྱུད་ཀྱི་ཞིང་ཆེན་བརྒྱད་ཙམ་ནས་མི་འབོར་འབུམ་གཉིས་ཙམ་ཡོད་པའི་" ཉན་ཅུན་" གྱི་ངོ་ལོག་དང༌། སྤྱི་ལོ་༡༨༦༢ ནས་༡༨༧༣ བར། ཧྲའན་ཞི་དང༌། ཀན་སུའུ། ཉིན་ཞ། ཟི་ལིང་བཅས་སྐོར་ཁག་བཞིའི་ཧོས་རིགས་ཀྱི་དྲག་པོའི་གྱེན་ལོག ཧྲང་ཧེ་རུ་" ཏ་མིན་གོ་" འཛུགས་མཁན་" ཞའོ་ཏའོ་ཧོས་" སོགས་ཀྱིས་མན་ཇུ་གཞུང་ལ་སུན་གཙེར་དྲག་རྒོལ་མཚམས་མ་ཆད་པར་སྤེལ་ཡོད། སྤྱི་ལོ་༡༨༩༤ ལོར་ཉི་ཧོང་དང་མན་ཇུའི་དབར་ཀོ་རི་ཡ་ཕྱེད་གླིང་གི་བདག་ཐོབ་རྩོད་ཆེད་" ལྕགས་ཕག་ལོའི་གསར་བརྗེ་" ལངས་ཏེ། ཐའེ་ཝན་དང་ཉེ་སྐོར་གླིང་ཕྲན་ཤོར་བ་མ་ཟད། ཉི་ཧོང་ལ་དངུལ་སྲང་དུང་ཕྱུར་༢་༣ ལྷག་གི་གུན་གསབ་སྤྲོད་དགོས་པའི་ཆིངས་ཡིག་བཞག སྤྱི་ལོ་༡༨༩༩ ལོར། རྒྱ་ནག་ཧྲན་ཏུང་དང་ཧོ་པེ་སོགས་སུ་ཐོག་མར་མན་ཇུར་ངོ་རྒོལ་དང༌། མཱིང་རྒྱལ་རབས་བསྐྱར་གསོའི་འབོད་ཚིག་སྒྲོག་མཁན་གྱི་ཚོགས་པ་" དབྱི་ཧོ་ཐོན་" ཟེར་བ་ཞིག་རིམ་གྱིས་མན་ཇུར་རོགས་འདེགས་དང༌། ཕྱི་གླིང་བ་རྩ་གཏོར་གྱི་དགོས་འདུན་འདོན་མཁན་ཞིག་ཏུ་གྱུར་ཏེ། རྒྱ་ནག་གི་རིག་གཞུང་རྙིང་བར་ཞེན་ཁོག་འཆང་བའི་སྟོབས་ཤུགས་རྙིང་བའི་སྐུལ་སློང་འོག པེ་ཅིང་དུ་བཅའ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་ལ་བསྐོར་རྒོལ་བྱསཔ་དང༌། ཡེ་ཤུའི་ཆོས་སྤེལ་མཁན་ཕྱི་རྒྱལ་བ་༢༤༠ དང༌། རྒྱ་རིགས་ཡེ་ཤུའི་རྗེས་འཇུག་པ་ཁྲི་གཉིས་ལྷག་བསད་པ་མ་ཟད། ཆོས་ཚོགས་དང་འབྲེལ་བ་གང་ཡང་མེད་པའི་རྒྱ་རིགས་དཀྱུས་མ་དེ་ལས་མང་བ་ཞིག་དམར་བསད་དང༌། ས་གནས་ཁག་གི་ཡེ་ཤུའི་ལྷ་ཁང་མེར་བསྲེགས། ཕྱི་རྒྱལ་ཀྱི་དངོས་ཟོག་དང་ལྟ་གྲུབ་ལ་ཕྱོགས་ཡོངས་ནས་འགོག་རྒོལ་གྱི་དོན་རྐྱེན་བསླངས། ནུབ་ཕྱོགས་པས་དོན་རྐྱེན་འདིར་(Boxer Rebellion) ཟེར་གྱི་ཡོད། ཛ་དྲག་གི་གནས་སྟངས་དེའི་ཐད། རྒྱལ་མོ་ཚི་ཞི་ཡིས་ཕྱི་རྒྱལ་ཁག་གི་ཕྱི་འབྲེལ་མི་སྣས་གནད་དོན་ཞི་འཇགས་ཡོང་ཐབས་ཀྱི་འབྲེལ་གཏུགས་ལ་བཟང་ཕྱོགས་ཀྱི་བརྡ་ལན་སྤྲད་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྤྱི་ལོ་༡༩༠༠ ལོའི་ཟླ་༡ ནང་" དབྱི་ཧོ་ཐོན་" ལ་གཞུང་འབྲེལ་རྒྱབ་རོགས་བྱེད་དགོས་པའི་བཀའ་རྒྱ་བཏང་སྟེ། ས་གནས་འགའ་ཤས་སུ་ཚོགས་པ་དེར་དམག་ཕོགས་རྒྱགས་སྤྲོད་དང༌། གཞུང་གི་དམག་དཔུང་སྐོར་ཞིག་དེའི་ནང་འཛུལ་དུ་བཅུག་པས། དྲག་ཟིང་གི་གཞི་རྒྱ་སྔར་བས་ཇེ་ཆེར་ཕྱིན་ཏེ། པེ་ཅིན་དུ་ས་ཁག་སོ་སོ་ནས་ཡོང་བའི་ཚོགས་པ་དེའི་མི་སྣ་འབུམ་གཅིག་ལྷག་འཛོམས། ཕྱི་འབྲེལ་གྱི་གྲོས་མོལ་ལ་ཕན་འབྲས་མ་ཐོན་པ་དང༌། དྲག་ཟིང་གི་རྣམ་པ་ཉིན་རེ་བཞིན་ཇེ་ཐུར་འགྲོ་བཞིན་ཡོད་པར་བརྟེན། ཉི་ཧོང་དང་ཨུ་རུ་སི། དབྱིན་ལནྜ། ཧྥ་རན་སི། འཇར་མན། ཨ་རི། དབྱི་ཊ་ལི། རྒྱལ་པོ་གཅིག་གི་དབང་བསྒྱུར་འོག་ཡོད་པའི་ཨོ་སི་ཊོ་ལི་ཡ་དང་ཧང་གྷ་རི་མནའ་འབྲེལ་(Austro-Hungarian Empire) བཅས་རྒྱལ་ཁབ་བརྒྱད་མཉམ་འབྲེལ་བྱས་པའི་དམག་དཔུང་གིས་གཞུང་ཚབ་ཁང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རྒྱ་ནག་ཏུ་དཔུང་འཇུག་བྱས་ཤིང༌། ཟླ་༦ ཚེས་༢༡ ཉིན། མན་ཇུ་གཞུང་གིས་ཀྱང་དམག་འཐབ་ཀྱི་ཁྱབ་བསྒྲགས་དང་མཉམ་དུ། ཕྱི་རྒྱལ་བ་ཕོ་གསོད་མཁན་ལ་དངུལ་སྲང་ལྔ་བཅུ་དང༌། ཕྱི་རྒྱལ་བ་མོ་གསོད་མཁན་ལ་དངུལ་སྲང་བཞི་བཅུ། ཕྱི་རྒྱལ་བའི་ཕྲུ་གུ་གསོད་མཁན་ལ་དངུལ་སྲང་སུམ་ཅུ་གཟིགས་གསོལ་སྤྲོད་རྒྱུའི་ཐ་ཚིག་བཀྲམ། མཉམ་འབྲེལ་དམག་གིས་ཟླ་༧ ཚེས་༡༤ ཉིན་ཐེན་ཅིན་བཟུང་བ་དང༌། ཟླ་༨ ཚེས་༡༦ ཉིན་པེ་ཅིན་བཟུང༌། རྒྱལ་མོ་ཚི་ཞི་དང་ཕོ་བྲང་གི་སྐུ་འཁོར་རྣམས་ཞི་ཨན་དུ་བྲོས། སྤྱི་ལོ་༡༩༠༡ ལོའི་ཟླ་༩ ཚེས་༧ ཉིན། བཙན་ཤེད་ཀྱིས་མན་ཇུ་གཞུང་གིས་དངུལ་སྲང་དུང་ཕྱུར་༤་༥ གུན་གསབ་སྤྲོད་དགོས་པའི་" ལྕགས་གླང་ཆིངས་ཡིག་" བཞག ལོ་དེ་ནས་བཟུང༌། སུན་ཀྲུང་ཧྲན་གྱིས་མགོ་འཁྲིད་པའི་གསར་བརྗེ་ཚོགས་པས་གོ་མིང་ཏང༌།གྱེན་ལངས་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང༌། གྱེན་ལངས་ཕམ་ཉེས་ཐེངས་བཅུ་བྱུང་བའི་རྗེས་ཀྱི་སྤྱི་ལོ་༡༩༡༢ ཟླ་༡ ནང༌། ཀྲུང་ཧྭ་མི་སེར་རྒྱལ་ཁབ་དངོས་སུ་བཙུགས། སུན་ཀྲུང་ཧྲན་གྱིས་གོང་མ་ཁྲི་ལས་འབབ་དགོས་པའི་ཆ་རྐྱེན་འོག འཕྲལ་སེལ་སྲིད་འཛིན་གྱི་གོ་གནས་དགོངས་ཞུ་གནང༌། ཟླ་༢ ཚེས་༡༢ ཉིན། མན་ཇུ་རྒྱལ་རབས་མཇུག་བསྒྲིལ་བའི་བསྒྲགས་གཏམ་སྤེལ། དེ་མ་ཐག་མན་ཇུའི་ཁོངས་སུ་ཞིང་ཆེན་༢༢ ཡོད་པའི་ཁྲོད་ནས་༡༧ ཙམ་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱས། མན་ཇུའི་བཀའ་བློན་ཁྲི་བ་ཡོན་ཧྲི་ཁེ་སྲིད་འཛིན་དུ་བསྐོས་རྗེས་གོང་མའི་ལམ་ལུགས་བསྐྱར་གསོའི་ཐབས་ཤེས་སྣེ་མང་སྤྱད་པར། སུང་ཀྲུང་ཧྲན་གྱིས་ངོ་རྒོལ་ལས་འགུལ་མཚམས་མ་ཆད་པར་སྤེལ། ༡༩༡༦ ལོར། ཡོན་ཧྲི་ཁེ་གོང་མའི་ཁྲི་ལ་འཁོད་ནས་ཉིན་གྲངས་༨༣ རྗེས་འདས་གྲོངས་སུ་གྱུར།
དེ་ནས་བཟུང་མི་སེར་རྒྱལ་ཁབ་དེ་ཡོན་ཧྲི་ཁེ་ཡི་ཕྱོགས་གཏོགས་པེ་ཡང་དམག་ཤེད་ཅན་གྱིས་དབུས་གཞུང་སྟངས་འཛིན་དང༌། ས་གནས་སྲིད་གཞུང་ཁག་དམག་ཤེད་ཅན་གཞན་ཚོས་བཅད་བགོས་ཀྱི་དུས་རིམ་དུ་སླེབས། སུང་ཀྲུང་ཧྲན་གྱིས་ལྷོ་རྒྱུད་ཀྱི་དམག་ཤེད་ཅན་ལ་བརྟེན་ནས་ཀོང་ཀྲོའུ་རུ་དྲག་དམག་གི་སྲིད་གཞུང་ཐེངས་གཉིས་ཙམ་བཙུགས་པ་དང༌། བུས་གཞུང་འཛིན་ཐབས་ལན་མང་བྱས་ཀྱང་དོན་སྨིན་མ་བྱུང༌། ཡོ་འཁྱོམ་གྱི་དུས་སྐབས་དེ་དག་ཏུ། ཕྱི་རྒྱལ་ལ་སློབ་གཉེར་དུ་བསྐྱོད་མྱོང་མཁན་ཁྲིན་ཏུའུ་ཞིའུ་དང༌། ལི་ཏ་ཀྲའོ། ཧུའུ་ཧྲི། ལུའུ་ཞུན་སོགས་རྒྱ་རིགས་ཤེས་ཡོན་ཅན་སྐོར་ཞིག་གིས་སྣེ་འཁྲིད་དེ། ཚགས་དེབ་ཁག་ཏུ་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ལ་སྐྱོན་བརྗོད་དང༌། དམངས་གཙོ་དང་ཚན་རིག་དར་སྤེལ་གཏོང་དགོས་པའི་སྐུལ་སློང༌། རྒྱ་ནག་གི་གནའ་བོའི་ཡི་གེ་དེ་ཁ་སྐད་དུ་བསྒྱུར་རྒྱུའི་ནང་དོན་གཙོ་བོར་བྱེད་པའི་རིག་གནས་གསར་བའི་ལས་འགུལ་དང༌། དེ་བཞིན་འཛམ་གླིང་དམག་ཆེན་དང་པོ་མཇུག་བསྒྲིལ་རྗེས། གཡུལ་འཁྲུག་གི་ཁེ་གྱོང་བགོ་འགྲེམས་བྱེད་སྐབས། དེ་སྔ་འཇར་མན་གཞུང་ལ་ཡོད་པའི་རྒྱ་ནག་ཧྲན་ཏུང་གི་ཁེ་ཕན་ཁག་ཉི་ཧོང་ལ་རྩིས་སྤྲོད་བྱས་པས། པེ་ཅིང་དུ་སློབ་མ་གཙོ་བོར་གྱུར་པའི་མང་ཚོགས་ཀྱིས་མན་ཇུ་གཞུང་ལ་ངོ་རྒོལ་མཚོན་པའི་ཁྲོམ་སྐོར་སྐད་འབོད་དང༌། ལས་ཀ་དང་སློབ་ཁྲིད་མཚམས་འཇོག་སོགས་" བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་" བྱེད་པའི་" ལྔ་བཞི་ལས་འགུལ་" གྱི་ཤུགས་རྐྱེན་རྒྱ་ནག་ཧྲིལ་པོར་ཁྱབ་འཕེལ་བྱུང་སྟེ། ཤེས་ཡོན་ཅན་ཚོས་རྒྱ་ནག་རྒྱལ་ཁབ་དཀའ་ཉེན་ལས་སྐྱོབ་ཐབས་ལ་བསམ་གཞིགས་བགྲོ་གླེང་རྒྱ་ཆེར་བྱས། ཁྲིན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ་སོགས་མཁས་པ་སྐོར་ཞིག་གིས་རྒྱ་ནག་རྗེས་ལུས་དང་དབུལ་ཕོངས་ལས་སྐྱོབ་བྱེད་ནི་གུང་ཁྲན་རིང་ལུགས་ཁོ་ན་ཉིད་ཡིན་པའི་དྲིལ་བསྒྲགས་བྱས་པ་དང༌། ས་གནས་སོ་སོར་གུང་ཁྲན་རིང་ལུགས་ལ་ཞིབ་འཇུག་བྱེད་པའི་ཚོགས་ཆུང་ཡང་མང་དུ་དར། དམར་ཤོག་ཚོགས་པ་གསར་འཛུགས། (རྒྱ་ནག་དམར་ཤོག་གསར་འཛུགས་བྱེད་མཁན་གྱི་མི་སྣ།) སྤྱི་ལོ་༡༩༢༠ ལོའི་ཟླ་༤ ནང༌། རྒྱལ་སྤྱིའི་གུང་ཁྲན་སྒྲིག་འཛུགས་ཀྱིས་ཝེཀ་ཊོ་རེཡ། ཝོའི་ཏིན་སི་ཀེ་Victoria Voitinsky རྒྱ་ནག་ཏུ་དམར་ཤོག་ཚོགས་པ་འཛུགས་རྒྱུར་ཆེད་གཏོང་བྱས། དེས་པེ་ཅིན་དུ་ལི་ཏ་ཀྲའོ་དང༌། ཧྲང་ཧེ་རུ་ཁྲིན་ཏུའུ་ཞིའུ་གཉིས་ལ་འབྲེལ་གཏུགས་ཀྱིས། ཟླ་༨ ནང་ཧྲང་ཧེ་གྲོང་ཁྱེར་དུ་མི་བདུན་ལས་གྲུབ་པའི་" ཀྲུང་གོ་གུང་ཁྲན་ཏང་" རྒྱ་ནག་དམར་ཤོག་ཚོགས་པ།བཙུགས། ཁྲིན་ཏུའུ་ཞིའུ་ཚོགས་གཙོར་བདམས། ཉི་ཧོང་གི་གྲོང་ཁྱེར་ཊོག་ཀྱོ་དང་ཧྥ་རན་སིའི་གྲོང་ཁྱེར་ཕ་རེ་སི། རྒྱ་ནག་གི་གྲོང་ཁྱེར་ཁག་དུ་" མཱར " ་ཡན་ལག་སྒྲིག་འཛུགས་བཙུགས། སྤྱི་ལོ་༡༩༢༡ ཟླ་༧ ཚེས་༢༣ ཉིན། རྒྱལ་སྤྱིའི་གུང་ཁྲན་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག ཚོགས་མི་༥༧ ལས་གྲུབ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧེ་རུ་ཚོགས། རྒྱ་ནག་གཞུང་འབྲེལ་གྱིས་ངོས་ལེན་ཡོད་པ་འདི་རང་ཡིན་ལ། ཚོགས་འདུ་སྔ་མ་དེར་" ཧྲང་ཧེ་གུང་ཁྲན་རིང་ལུགས་ཚོགས་ཆུང་" ཞེས་འབོད། སྤྱི་ལོ་༡༩༢༧ ཟླ་༧ ནང་འཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང༌། རྒྱ་ནག་དམར་ཤོག་ཚོགས་པ་རྒྱལ་སྤྱིའི་གུང་ཁྲན་སྒྲིག་འཛུགས་སུ་འཛུལ་ཞུགས་དང༌། སུའུ་ལན་གྱི་ལམ་སྟོན་ངོས་ལེན་བྱ་རྒྱུའི་གྲོས་ཆོད་བཞག རྒྱ་ནག་གི་དམར་ཤོག་ཚོགས་པར་བཏང་འཛིན་ཡོང་ཆེད། སྤྱི་ལོ་༡༩༢༢ ནས་༡༩༢༧ ལོ་བར། སུའུ་ལན་དབུས་དམར་ཤོག་ཚོགས་པས་རྒྱ་ནག་གསར་བརྗེའི་སྐོར་ལ་ཚོགས་འདུ་ཐེངས་༡༢༢ ཚོགས་པ་དང༌། གྲོས་ཆོད་༧༣༨ ཙམ་བཞག་ཡོད། གོ་གུང་མཉམ་འབྲེལ་ཐེངས་དང་པོ། ༡༩༢༣ ལོའི་ལོ་སྟོད་དུ། གོ་མིན་ཏང་འདི་" ལེ་ཉིན་ནང་བཞིན་གྱི་སྲིད་དོན་ཚོགས་པ་" ཞིག་འཛུགས་རྒྱུར་བློ་མོས་ཡོད་མཁན་གྱི་སུང་ཀྲུང་ཧྲན་གྱིས་སུའུ་ལན་སྐུ་ཚབ་མཉམ་ཧྲང་ཧེ་རུ་འཛོམས་ཏེ། རྒྱ་ནག་དམར་ཤོག་ཚོགས་པ་དང་མཉམ་འབྲེལ་བྱེད་ཕྱོགས་སྐོར་གྲོས་བསྡུར་བྱས་པ་དང༌། གུང་ཁྲན་ཏང་ལ་མཐུན་གཤིབ་བྱེད་ཕྱོགས་ཀྱི་བསྒྲགས་གཏམ་སྤེལ། རྒྱལ་སྤྱིའི་གུང་ཁྲན་གྱིས་སློབ་སྟོན་པ་ཆེད་གཏོང་གིས། སུའུ་ལན་ནང་བཞིན་གོ་མིན་ཏང་བཅོས་སྒྲིག་བྱེད་ཕྱོགས་གྲོས་བསྡུར་བྱས། ༡༩༢༤ ལོར་སུན་ཀྲུང་ཧྲན་གྱིས་གོ་མིན་ཏང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྟེང་སུའུ་ལན་དང་མཉམ་འབྲེལ་བྱས་ཏེ། གུང་ཁྲན་ཏང་ལ་གུ་བཤངས་བྱ་རྒྱུའི་སྲིད་ཇུས་བཏོན་པ་དང༌། གུང་ཁྲན་ཏང་གི་ཚོགས་མི་རྣམས་སྒེར་གྱི་མིང་ཐོག་ནས་གོ་མིན་ཏང་ནང་འཛུལ་ཞུགས་བྱེད་དུ་བཅུག ཚོགས་ཐོག་ཏུ་ལི་ཏ་ཀྲའོ་དང་མའོ་ཙེ་ཏུང་སོགས་དམར་ཤོག་ཚོགས་མི་བཅུ་ཙམ་གོ་མིན་ཏང་དབུས་རྒྱུན་ལས་ལྷན་ཚོགས་སུ་འདེམས་ཐོན་བྱུང་བ་དང༌། བློན་ཆེན་གྱི་གོ་གནས་ཀྱང་དུ་མ་ཞིག་སྤྲད། ༡༩༢༥ ལོའི་དཔྱིད་ཀར། སུང་ཀྲུང་ཧྲན་པེ་ཅིན་དུ་འདས། ༡༩༢༦ ལོར། གོ་མིན་ཏང་ནང་ཁུལ་དུ་ཆབ་སྲིད་ལངས་ཕྱོགས་ཐད་རྩོད་གླེང་གིས་དུམ་བུ་གཉིས་སུ་གྱེས་པ་དང༌། ཅང་ཅེ་ཧྲི་ཡིས་གོ་མིན་ཏང་གི་དམག་སྤྱིའི་གོ་གནས་བཟུང་སྟེ། འབྲི་ཆུ་བྱང་རྒྱུད་ཀྱི་དམག་ཤེད་ཅན་འདུལ་འཇོམས་ཀྱི་དམག་འཁྲུག་བསླངས་པས་སྒེར་གྱི་གྲགས་པ་རྒྱས། གོ་མིན་ཏང་གི་ནང་ཁུལ་དུ་གུང་ཁྲན་ཏང་གིས་ལྐོག་ཇུས་གཤོམ་གྱི་ཡོད་ལུགས་ཀྱི་རྩོད་གླེང་བྱུང་བ་དང༌། དམར་ཤོག་ཚོགས་པས་ཧུའུ་ནན་སོགས་སུ་ས་ཞིང་བཅོས་བསྒྱུར་གྱིས་ཞིང་བདག་ལ་འཐབ་རྩོད་དང་ཁྲག་སྦྱོར་གྱི་དོན་རྐྱེན་བསླངས་པར།གོ་མིན་ཏང་གི་ས་གནས་ལས་བྱེད་ཚོས་བཟོད་སྒོམ་བྱེད་ཐབས་མེད་སྟབས། དམར་ཤོག་ཚོགས་མི་དང་འབྲེལ་ཡོད་ཆིག་སྟོང་ཙམ་བསད། ༡༩༢༧ ལོར་ཧྲང་ཧེ་དང་ཝུའུ་ཧན་སོགས་ནས་ཀྱང་དམར་ཤོག་ཚོགས་མི་གཙང་སེལ་གྱི་བྱེད་སྒོ་སྤེལ་བས ། གོ་གུང་མཉམ་འབྲེལ་གྱི་རྨང་གཞི་ཐོར་ཞིག་ཏུ་སོང༌། ཟླ་༧ ཚེས་༡༣ ཉིན། གུང་ཁྲན་ཏང་གིས་ཏང་ཡོན་རྣམས་གོ་མིན་ཏང་ལས་ཕྱིར་འཐེན་བྱེད་དགོས་པའི་གསལ་བསྒྲགས་སྤེལ་བ་དང༌། གོ་མིན་ཏང་གིས་ཀྱང་ཟླ་༧ ཚེས་༡༥
ཉིན་གོ་མིན་ཏང་གི་དམག་དཔུང་ནང་ལས་གནས་བཀོད་སྒྲིག་བྱས་ཡོད་པའི་གུང་ཁྲན་ཏང་ཡོན་ཚོས་དམར་ཤོག་ནས་རྩ་དགོངས་ཞུ་དགོས་པའི་གསལ་བསྒྲགས་སྤེལ། གོ་གུང་མཉམ་འབྲེལ་དང་པོ་དེ་མཇུག་བསྒྲིལ། ༡༩༢༨ ལོར་ཀྲོའུ་ཨིན་ལེ་སོགས་ཀྱིས་མགོ་འཁྲིད་པའི་ཀྲུང་གོ་བཟོ་ཞིང་དམར་དམག་གིས་ནན་ཁྲང་ནས་དྲག་པོས་གྱེན་ལངས་བྱས་པ་དེར་རྒྱལ་ཁ་ཐོབ་་མེད་ཀྱང༌། དམར་ཤོག་ཚོགས་པར་ཐོག་དང་པོར་རང་ཉིད་ཀྱི་དམག་དཔུང་ཡོད་པར་གྱུར། རྒྱ་ནག་གི་དམག་བཙུགས་དུས་ཆེན་ཟླ་༨ ཚེས་༡ ལ་ཆ་འཛིན་བྱེད་པའང་རྒྱུ་མཚན་འདིས་ཡིན། ཟླ་༨ ཚེས་༧ ཉིན། རྒྱ་ནག་དབུས་དམར་ཤོག་ཚོགས་པས་རྒྱལ་སྤྱིའི་གུང་ཁྲན་གྱི་བཀོད་བྱུས་འོག་ཧན་ཁོའུ་རུ་ཛ་དྲག་ཚོགས་ཆེན་ཞིག་བསྐངས་ཏེ། ས་ཞིང་བཅོས་བསྒྱུར་དང༌། དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་རྒྱུའི་སྲིད་ཇུས་གཏན་འབེབས་བྱས། ཚེས་༨ ནས་བཟུང་གོ་མིན་ཏང་གིས་གུང་ཁྲན་ཏང་ཡོན་འཛིན་བཟུང་ཁྲིམས་གཅོད་བྱེད་མགོ་ཚུགས་པ་དང༌། ཚེས་༡༤ ཉིན་ཅང་ཅེ་ཧྲི་ཕྱི་ནང་གི་གནོན་ཤུགས་འོག་སྲིད་སྟེགས་ལས་བབས། ཟླ་༩ ནང༌། མའོ་ཙེ་ཏུང་གིས་ཧུའུ་ནན་དང་ཅང་ཞི་རུ་སྟོན་བསྡུའི་འོས་ལངས་སྐུལ་སློང་བྱས་པ་དང༌། ཟླ་༡༢ ནང་ཡེ་ཐིན་སོགས་ཀྱིས་ཀོང་ཀྲོའུ་རུ་དྲག་པོའི་གྱེན་ལངས་བྱས། དེ་བཞིན་༡༩༣༡ ལོའི་ཟླ་༡༡ ནང༌། ཅང་ཞི་རོས་ཅིན་དུ་དམར་ཤོག་ཚོགས་པའི་ས་གནས་སྲིད་གཞུང་ཐོག་མ་ཀྲུང་ཧྭ་སོ་ཝེཊ་Soviet སྤྱི་མཐུན་རྒྱལ་ཁབ་ཅེས་པའང་བཙུགས། ༡༩༣༠ ལོའི་༡༢ ནས་༡༩༣༣ ཟླ་༡༠ ཟླ་༡༠ བར། གོ་མིན་ཏང་གིས་སྔ་རྗེས་སུ་དམར་ཤོག་ཚོགས་པའི་རྟེན་གཞིར་བསྐོར་བཅོམ་ཐེངས་ལྔ་བྱས་ཤིང༌། དམར་དམག་གིས་བསྐོར་བཅོམ་ཐོག་མ་བཞིར་འགོག་རྒོལ་བྱས་པ་དང༌། ཐེངས་ལྔ་བའི་སྐབས་བཀོད་འདོམས་ཏག་ཏག་མ་བྱུང་བར་ཕམ་ཉེས་སུ་ཕྱིན་ཏེ་བྲོས་བྱོལ་མི་བྱེད་ཀ་མེད་བྱུང༌། ༡༩༣༤ ལོའི་ཟླ་༡༠ ནས་བཟུང༌། དམར་དམག་རྣམས་" ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་བསྐྱོད་" བྱེད་མགོ་ཚུགས། ༡༩༣༥ ལོའི་ཙུན་དབྱི་ཚོགས་འདུའི་སྟེང༌། མའོ་ཙེ་ཏུང་ལ་དམར་ཤོག་གི་དབང་ཆ་ཐོབ། དམར་དམག་རྣམས་ཅང་ཞི་དང་ཀོས་ཀྲོའུ། སི་ཁྲོན། མདོ་ཁམས་གཉིས་ཀྱི་ས་ཐོག་ཏུ་སླེབས་ཏེ་འཕྲོག་བཅོམ་གྱི་སྤྱོད་ངན་ཚབས་ཆེ་བརྩམས་ཡོད་ཚུལ་མའོ་ཙེ་ཏུང་གིས་ཨ་རིའི་གསར་འགོད་པ་སི་ནོ་ལ་ཁས་ལེན་བྱས་ཡོད། ཀན་སུའུ། ཧྲའན་ཞི་བཅས་བརྒྱུད་དེ། མཐར་ཧྲའན་ཞི་བྱང་རྒྱུད་དུ་ལིའུ་ཀྲི་ཏན་གྱི་དམག་དཔུང་དང་བསྡོངས་ཏེ། ཧྲའན་ཀན་ཉིན་རྟེན་གཞི་བཙུགས་པ་དང༌། རྒྱང་བསྐྱོད་ཀྱི་མཐའ་འབྲས་སུ་དམར་དམག་བརྒྱད་ཁྲི་དྲུག་སྟོང་ལྷག་ཙམ་ནས་ཁྲི་གཅིག་ཡས་མས་ལས་ལྷག་མེད། དེ་ལྟར་གོ་གུང་མཉམ་འབྲེལ་ཐེངས་དང་པོ་ནི་དམར་ཤོག་ཚོགས་པ་རྦད་དེ་ཕམ་ཉེས་སུ་ཕྱིན་ཏེ་མཇུག་བསྒྲིལ། རི་འགོག་དམག་འཁྲུག་དང་གོ་གུང་མཉམ་འབྲེལ་གཉིས་པ། སྤྱི་ལོ་༡༩༣༡ ཟླ་༩ ནང༌། ཉི་ཧོང་རྒྱ་ནག་གིས་ཉི་ཧོང་ལ་རི་པིན་ཟེར།གིས་རྒྱ་ནག་ཤར་བྱང་གི་ས་ཆ་བཙན་བཟུང་བྱས། ༡༩༣༦ ལོ་མཇུག་ཏུ། གོ་གུང་གཉིས་མཉམ་འབྲེལ་གྱིས་ཉི་ཧོང་འགོག་རྒྱུར་གྲོས་མཐུན་བྱུང༌། སྤྱི་ལོ་༡༩༣༧ ཟླ་༧ ཚེས་༧ ཉིན། ཉི་ཧོང་དང་རྒྱ་ནག་དབར་ཕྱོགས་ཡོངས་ནས་དམག་འཐབ་མགོ་ཚུགས། གོ་གུང་མཉམ་འབྲེལ་གྱི་ལས་རིམ་ཐོག་མར། ཡན་ཨན་དུ་ཡོད་པའི་དམར་ཤོག་ཚོགས་པའི་སྲིད་གཞུང་དེ་གོ་མིན་ཏང་སྲིད་གཞུང་གི་ཐད་གཏོགས་ཡན་ལག་ལས་ཁུངས་སུ་བསྒྱུར་བ་དང༌། དམར་དམག་ཁྲི་བརྒྱད་ཙམ་ཡོད་པ་དེ་གོ་མིན་ཏང་གི་དམག་སྡེ་ཨང་བརྒྱད་པར་པ་ལུའུ་ཅུན།མིང་བསྒྱུར་བྱས། རྒྱང་བསྐྱོད་རྗེས་རང་སར་འཇབ་དམག་རྒྱག་མཁན་གྱི་འཇབ་དམག་རུ་ཁག་བརྒྱད་སྟོང་ཙམ་ཡོད་པ་དེ་དག་" གོ་མིན་གསར་བརྗེ་དམག་དཔུང་སྐམ་དམག་གསར་བཙུགས་ཅུན་ཤོག་བཞི་བ་" ཞིན་སི་ཅུན།ཞེས་པར་བཅོས་སྒྲིག་བྱས། སྤྱི་ལོ་༡༩༣༧ ཟླ་༨ ནང་ཧྲའན་ཞི་ལོ་ཁྲོན་དུ་དམར་ཤོག་ཚོགས་པས་ཉི་ཧོང་ལ་འགོག་རྒོལ་གྱི་འཐབ་ཇུས་གཏན་འབེབས་བྱེད་པའི་ཚོགས་འདུའི་སྟེང༌། མའོ་ཙེ་ཏུང་གིས་དམར་དམག་གི་གཞི་རྩའི་ལས་འགན་ནི། རྟེན་གཞི་གསར་འཛུགས་དང༌། མཐུན་གྲོགས་དམག་གི་གཡུལ་འཐབ་ལ་མཉམ་རུབ་བྱས་ཏེ། དམར་དམག་ཉར་གསོག་དང་རྒྱ་བསྐྱེད་བྱ་རྒྱུ་ཞེས་དང༌། དམར་ཤོག་ཚོགས་པ་འདིས་ཆབ་སྲིད་དང་སྒྲིག་འཛུགས་སྟེང་རང་ཚུགས་བཟུང་སྟེ། གོ་མིན་ཏང་ལ་ཚད་མཐོ་བའི་དོགས་ཟོན་བྱེད་དགོས་པའི་རྩ་དོན་གསར་འདོན་བྱས་ཡོད། ཅང་ཅེ་ཧྲི་ཡིས་མགོ་འཁྲིད་པའི་ལོ་བརྒྱད་ཀྱི་" རི་འགོག་དམག་འཁྲུག་" ཁྲོད། གཡུལ་འཐབ་ཆེ་བ་༢༢ དང༌། ཆུང་བ་སྟོང་ཕྲག་དུ་མ་བྱུང་ཡོད་པ་དང༌། ཉི་ཧོང་འགོག་རྒོལ་གྱི་དུས་རིམ་ནང༌། གོ་གུང་དབར་མཉམ་འབྲེལ་ཡིན་བཞིན་དུ་ནང་འཁྲུག་ཀྱང་ཐེངས་དུ་མར་བྱུང་ཡོད། དེ་དག་ལས་སྐད་གྲགས་ཆེ་ཤོས་ནི་༡༩༤༡ ལོར་བྱུང་བའི་ཝན་ནན་དུས་འགྱུར་ཡིན། ཞིན་སི་ཅུན་དང་གོ་མིན་ཏང་གི་དམག་དཔུང་གཉིས་ཅང་སུའུ་ལྷོ་རྒྱུད་ནས་འབྲི་ཆུའི་བྱང་ཕྱོགས་སུ་བསྐྱོད་སྐབས། དམག་དཔུང་གི་བཀའ་རྒྱ་ཁས་བླངས་མིན་གྱི་རྩོད་གཞི་ཇེ་ཆེར་སོང་སྟེ། གོ་མིན་ཏང་གིས་ཞིན་སི་ཅུན་དམག་དཔུང་དགུ་སྟོང་ལས་བདུན་སྟོང་ཙམ་གཏོར་ཕམ་བཏང་ཡོད། སྤྱི་ལོ་༡༩༤༥ ཟླ་༨ ཚེས་༦ ཉིན། ཨ་རིས་ཉི་ཧོང་གི་ཧི་རོ་ཤི་མར་རྡུལ་ཕྲན་མཚོན་ཆ་མ་རྡུལ་འབར་མདེལ།དང་པོ་གཡུག་སྟེ། ཉི་ཧོང་ཕམ་ཉེས་སུ་འགྲོ་རྒྱུར་གཏན་འཁེལ་བ་དང༌། ཚེས་༨ ཉིན་སུའུ་ལན་གྱིས་ཀྱང་ཉི་ཧོང་ལ་དམག་འཁྲུག་གི་ཁྱབ་བསྒྲགས་བྱས་ཤིང༌། རྒྱ་ནག་གི་ཤར་བྱང་ས་ཐོག་ཏུ་སླེབས། ཚེས་༡༥ ཉིན་ཉི་ཧོང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགོ་བཏགས་ཞུས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ། གོ་མིན་ཏང་རྒྱལ་ཁ་ཐོབ་མཁན་མཐུན་གྲོགས་རྒྱལ་ཁབ་ཀྱི་ཁོངས་སུ་ཚུད་དེ། ཉི་ཧོང་གི་ལག་ནས་ཐའེ་ཝན་གྱི་བདག་དབང་རྩིས་ལེན་བྱས། ཅང་ཅེ་ཧྲི་ཡིས་མའོ་ཙེ་ཏུང་དང་མཉམ་དུ་སྔ་རྗེས་སུ་གྲོས་ཆིངས་གཉིས་ཙམ་བཞག་ཀྱང༌། གོ་གུང་གཉིས་ཀས་ཉི་ཧོང་གི་ལག་ནས་ཐོབ་པའི་ས་གནས་ཁག་ཏུ་སྲིད་གཞུང་འཛུགས་ཕྱོགས་ལག་གང་སྔ་བརྩད་དེ་ནང་འཁྲུག་གཞི་རྒྱ་ཆེ་བ་བྱུང༌། ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོར་ཇི། ཀཊ་ལེཊ། མར་ཤལ་George Catlett Marshall གྱི་བར་འདུམ་འོག མཉམ་འབྲེལ་གྱི་སྲིད་གཞུང་འཛུགས་རྒྱུར་ནང་མོལ་མོས་མཐུན་བྱུང་ཡང༌། དངོས་སུ་དབང་ཆ་བགོ་འགྲེམས་བྱེད་པའི་རྒྱལ་ཡོངས་ཚོགས་ཆེན་བསྡུ་སྐོང་བྱེད་ཕྱོགས་ཐད་གོ་མིན་ཏང་གིས་རང་ཤེད་བཙོང་ལུགས་རྩོད་གླེང་བྱུང་སྟེ། མཉམ་འབྲེལ་གྱི་འཆར་སྣང་དེ་སྐད་ཅིག་གི་རིང་ལ་ཡལ་བརླགས་སུ་ཕྱིན། ༡༩༤༦ ལོའི་ཟླ་༦ ནང༌། གོ་མིན་ཏང་གིས་དམར་ཤོག་ཚོགས་པའི་རྟེན་གཞིར་གློ་བུར་དུ་འཇབ་རྒོལ་བྱས་ཤིང༌། ཕྱོགས་གཉིས་ནས་དོན་རྐྱེན་སློང་མཁན་སུ་ཡིན་ཁག་དཀྲི་བྱེད་ཞོར་དུ་གོ་གུང་གཉིས་ནང་འཁྲུག་གི་མགོ་ཚུགས། ཨ་རིས་གོ་མིན་ཏང་ལ་དམག་དོན་གྱི་རོགས་རམ་མཚམས་འཇོག་བྱས་པས། གོ་མིན་ཏང་ཉམས་རྒུད་ཀྱི་ཐུར་ལམ་དུ་དེད། ལོ་མཇུག་ཏུ་གོ་མིན་ཏང་གིས་མགོ་འཁྲིད་པའི་སྲིད་དོན་ཚོགས་པ་ཁག་ཅིག་གིས་ཁྲིམས་བཟོའི་ཚོགས་ཆེན་བསྐངས་ཏེ། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་འབེབས་དང༌། སྲིད་འཛིན་འོས་འདེམས་བྱས་པར། གུང་ཁྲན་ཏང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པས། གོ་གུང་གཉིས་རྦད་དེ་དགྲ་ཟླར་གྱུར། རྒྱལ་ཡོངས་སུ་ནང་འཁྲུག་གི་རྐྱེན་པས་དངུལ་ལོར་འགྲེམས་ཐལ་ཤོར་བ་དང༌། དཔལ་འབྱོར་དང་དངུལ་ལོར་གྱི་སྒྲིག་སྲོལ་རྨང་ནས་འཇིག་ལ་ཉེ་བའི་གནས་སྟངས་ལ་གཞིགས་ཏེ། སྤྱི་ལོ་༡༩༤༧ ཟླ་༧ ནས་བཟུང༌། གུང་ཁྲན་ཏང་གིས་སློབ་མའི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ལ་སྐུལ་སློང་དང༌། མི་སེམས་འགུག་ཐབས་ཀྱི་དྲིལ་བསྒྲགས། སོ་མྱུལ་འབོར་ཆེན་བཏང་ནས་དམག་དོན་གསང་གནས་ལོན་ཐབས། གྲོང་གསེབ་ཀྱིས་གྲོང་ཁྱེར་བསྐོར་བསྐྱིལ་སོགས་ཀྱི་འཐབ་ཇུས་སྤྱད་དེ་གོ་མིན་ཏང་ལ་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་མགོ་བརྩམས། ༡༩༤༨ ལའི་ཟླ་༡༠ ཚེས་༡༠ ཉིན། གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མིང་ཐོག་ནས། " ཅང་ཅེ་ཧྲི་ཕམ་པར་རྒྱོབས། རྒྱལ་ཡོངས་བཅིངས་འགྲོལ་གཏོང་" ཞེས་སོགས་ཀྱི་འབོད་ཚིག་བསྒྲགས། ཅང་མ་འགོར་བར། བཅིངས་འགྲོལ་དམག་གིས་རྒྱལ་ཕམ་ཐག་གཅོད་ཀྱི་གཡུལ་བཤམས། སྤྱི་ལོ་༡༩༤༨ ཟླ་༩ ཚེས་༡༢ ནས་ཟླ་༡༡ ཚེས་༢ བར། ལིན་པེའོ་ཡིས་སྣེ་འཁྲིད་པའི་བཅིངས་འགྲོལ་དམག་ཤར་བྱང་ཐང་འཐབ་དམག་དཔུང་གིས་རྒྱ་ནག་ཤར་བྱང་དུ་ཡོད་པའི་གོ་མིན་ཏང་གི་དམག་དཔུང་ལ་ཕར་རྒོལ་བྱས་ཏེ། ཉིན་གྲངས་༥༢ རིང་གོ་མིན་ཏང་གི་དཔོན་དམག་ཁྲི་༤༧་༢ གཏོར་ཕམ་བཏང་བ་དང༌། བཅིངས་འགྲོལ་དམག་ཁྲི་༦་༩ བསད་རྨས་བྱས། ཤར་བྱང་གི་ཞིང་ཆེན་གསུམ་པོ་བཟུང༌། དེར་" ལེའོ་ཧྲིན་གཡུལ་འགྱེད་" ཟེར་བ་དང༌། སྤྱི་ལོ་༡༩༤༨ ཟླ་༡༡ ཚེས་༢༩ ནས་༡༩༤༩ ཟླ་༡ ཚེས་༣༡ བར། ལིན་པེའོ་ཡིས་སྣེ་འཁྲིད་པའི་གོང་གསལ་དམག་དཔུང་དེས་གོ་མིན་ཏང་ལ་ཕར་རྒོལ་བྱས་ཏེ། ཉིན་གྲངས་༦༤ རིང་མི་ཁྲི་༥༢་༡ ལྷག་གཏོར་ཕམ་བཏང་བ་དང༌། པེ་ཅིང་དང་ཐེན་ཅིན་སོགས་བྱང་རྒྱུད་ཀྱི་ས་ཁུལ་རྒྱ་ཆེན་ཞིག་བཅད་བཟུང་བྱས། བཅིངས་འགྲོལ་དམག་ཁྲི་༣་༩ བསད་རྨས་ཤོར། དེར་" ཕིན་ཅིན་གཡུལ་འགྱེད་" ཟེར། ལེའུ་པོ་ཁྲིན་དང་ཏིན་ཞའོ་ཕིན་གྱིས་སྣེ་ཁྲིད་པའི་ཧྭ་ཏུང་ཐང་འཐབ་དམག་དཔུང་དང༌། ཀྲུང་ཡོན་ཐང་འཐབ་དམག་དཔུང་གིས་སྤྱི་ལོ་༡༩༤༨ ཟླ་༡༡ ཚེས་༦ ནས་༡༩༤༩ ཟླ་༡ ཚེས་༡༩ བར་ཧྲན་ཏུང་ལྷོ་རྒྱུད་དང༌། ཅང་སུའུ་དང་ཨན་ཧོས་བྱང་རྒྱུད་ཀྱི་གོ་མིན་ཏང་གི་དཔོན་དམག་ཁྲི་༥༥་༥ གཏོར་ཕམ་བཏང་བ་དང༌། བཅིངས་འགྲོལ་དམག་ཁྲི་༡༣་༤ བསད་རྨས་བྱས། འདི་ནི་ནང་འཁྲུག་ཁྲོད་གཞི་ཁྱོན་ཆེ་ཤོས་དང༌། གདུག་རྩུབ་ཆེ་ཤོས་ཀྱི་དམག་འཐབ་ཅིག་ཡིན་ལ། དེར་" ཧའེ་ཧེ་གཡུལ་འཁྲུག་" ཟེར། དམག་འཐབ་ཆེ་ཁག་འདི་གསུམ་བརྒྱུད། གུང་ཁྲན་ཏང་གིས་འབྲི་ཆུའི་བྱང་རྒྱུད་ཀྱི་རྒྱ་ནག་གི་ས་སྡེ་ཕལ་མོ་ཆེ་བདག་ཏུ་བཟུང༌། གོ་མིན་ཏང་གི་དམག་དཔུང་རི་ལུག་པ་ལྟར་ཕམ། ༡༩༤༩ ལོའི་ཟླ་དང་པོར། ཅང་ཅེ་ཧྲི་སྲིད་ཁྲི་ལས་བབས། ལི་ཙུང་རིན་གྱིས་སྲིད་འཛིན་ལས་ཚབ་ཀྱི་མིང་ཐོག་ནས། འབྲི་ཆུའི་ལྷོ་བྱང་གི་ས་ཁོངས་བགོ་བཤའ་བརྒྱབ་སྟེ་འཛིན་སྐྱོང་བྱ་རྒྱུའི་གྲོས་མགོ་བཏོན་པར་གུང་ཁྲན་གིས་ཁས་མ་བླངས་པ་དང༌། ཟླ་༤ ནང༌། མི་དམངས་བཅིངས་འགྲོལ་དམག་འབྲི་ཆུ་བརྒལ་ཏེ་དཔུང་བཏེག ཚེས་༢༣ ཉིན་ནན་ཅིན་བླངས། གོ་མིན་ཏང་གིས་རྒྱ་ནག་ལ་དབང་བསྒྱུར་བའི་དུས་རབས་དེ་མཇུག་བསྒྲིལ། །

མཆན། (1)

  • ད་རེས་ཀློག་ཐེངས་གཉིས་པ་ཡིན། ཀློག་ཐེངས་དང་པོ་དང་གཉིས་པ་གཉིས་ཀར་ཞིབ་ཚགས་ཀྱི་ཀློག་པ་ཡིན། དཔེ་མི་སྲིད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་བྲོ་བ་འདུག ཁྱེད་རྣམ་པར་དེ་མ་ཡིན་པའི་གུང་བྲན་རིང་ལུགས་ཀྱི་ལོ་རྒྱུས་འདྲ་མེད་དམ། ཕྲན་གུང་ཁྲན་ཏང་གི་ལོ་རྒྱུས་འདྲ་མིན་སྣ་ཚོགས་ཀློག་རྒྱུར་ཧ་ཅང་དགའ་མོས་ཆེན་པོ་ཡོད། གལ་སྲིད་ཡོད་ན་དྲ་རྒྱའི་ཐོག་བཀོད་རོགས་གནང་། དེ་མིན་དྲ་ལམ་གཞན་གྱི་ནང་ཡོད་ན་ལམ་སྟོན་གནང་རོགས་ཞུ། མདོ་སྨད་ཀྱི་དྲ་རྒྱ་ལ་བཀའ་དྲིན་ཆེ་ཆེ་ཆེ་ཞུ་རྒྱུ་ཡིན།

    2012-10-14 07:27:37

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་མིག་དམར།, /12/ 12, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.